Skip to main content
ཤེས་རིག་ལས་ཁུངས།

ཕ་མའི་བཀའ་དྲིན།

ཕ་མའི་བཀའ་དྲིན།

གསལ་ལྡན་དོན་གྲུབ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། འཛིན་གྲྭ་ལྔ་པ། མིའི་མི་ཚེའི་ནང་གལ་ཆེ་བ་ནི་ཕ་མ་ཡིན། ཕ་མས་ང་ཚོར་མི་ལུས་རིན་ཆེན་འདི་གནང་བ་དང་། ཨ་མས་རང་གི་བྲང་གི་འོ་མ་སྤྲད་ནས་གསོས་པ་ཡིན། ཕ་མས་ཉིན་མཚན་མེད་པར་ང་ཚོར་བྱམས་སྐྱོང་གནང་། ཕ་མའི་བྱམས་བརྩེ་མེད་ན་ང་ཚོ་སྐྱེས་ན་ཡང་གསོན་མི་ཐུབ། གསོན་ན་ཡང་དཀའ་སྡུག་གྲངས་མང་པོ་མྱོང་དགོས་པ་ཡིན། དྲིན་ཆེན་ཕ་མས་ང་ཚོར་ཕྱག་ཟུང་འཇམ་པས་གཉོར་སྐྱོང་བྱེད་བཞིན། ཞིམ་པོའི་ཟས་དང་འཇམ་པོའི་གོས་གཡོག་ནས་ཆེན་པོ་ཆགས་སུ་བཅུག ཕྱག་ཟུང་འཇམ་པོས་འཇུས་ཏེ་གོམ་པ་རེ་རེ་བཞིན་སྤོ་བར་སློབ་ཁྲིད་གནང་། བཀའ་དྲིན། ང་ཚོས་ཕ་མའི་བཀའ་དྲིན་ཤེས་དགོས། འཛམ་གླིང་ནང་བུ་གུ་མང་པོར་ཆུང་དུས་ནས་ཕ་མ་མེད། དེ་བས་ཁོ་ཚོས་ཕ་མའི་བཀའ་དྲིན་དངོས་སུ་མི་ཤེས། ང་ཚོས་ཕ་མ་ཡོད་དུས། རང་སོ་སོའི་ཕ་མའི་བཀའ་དྲིན་དྲན་དགོས། ང་ཚོ་ཕ་མ་མཉམ་དུ་ཡོད་དུས་ནི་སོ་སོ་བསོད་ནམས་ཆེ་བའི་དུས་དེ་ཡིན། ཕ་མ་མེད་པའི་ད་ཕྲུག་ཚོར་ལྟོས་དང་། ཁ་ཤས་ལ་ཕ་མ་མེད། ཁ་ཤས་ལ་ཕ་མ་དང་ནང་ཡང་མེད། ང་ཚོས་ཕ་མ་ཡོད་པ་ནི་སོ་སོས་བསོད་ནམས་ཆེན་པོ་ཡིན་པ་ཤེས་དགོས། ཕ་མ་ཡོད་དུས། ཕ་མའི་བཀའ་དྲིན་ཤེས་པ་དང་དྲིན་ལན་འཇལ་དགོས།  ང་ཚོས་ཕ་མ་ལ་རོགས་པ་ཅུང་ཙམ་བྱས་ན་ཡང་ཕ་མ་དགའ་གི་རེད། ཆུང་དུས་སྐབས་སུ་ཕ་མས་རང་ལ་འོ་མ་སྤྲད། ཟ་རྒྱུ་དང་འཐུང་རྒྱུ། རྩེད་ཆས་དང་གོན་པ་སོགས་ཅ་ལག་གང་ཡག་ཡག་དང་ཅི་དགོས་དགོས་ཉོས། ཁོ་ཚོ་དཀའ་སྡུག་ཆེན་པོའི་ནང་ཡོད་ན་ཡང་། དཀའ་སྡུག་དེ་མི་ཚོར། དེ་ནི་བུ་གུ་ལ་བརྩེ་བ་ཆེན་པོ་ཡོད་པས་ཡིན། བུ་གུའི་ཆེད་དུ་ལས་ཀ་འདྲ་མིན་བྱས། ལས་ཀ་མང་ཆེ་བ་ནི་བུ་གུའི་དགའ་ཡ་རྐྱང་བྱས་པ་རེད། གང་ཡིན་ཟེར་ན་ཕ་མ་རང་གི་བུ་གུ་ལ་གཞན་ལས་མང་བ་བརྩེ་བ་ཆེ་ཞིང་དགའ་ཡི་ཡོད། ཕ་མའི་དཀའ་སྡུག ཕ་མ་ནི་བུ་གུའི་མི་ཚེ་གཡོག་པོ་ལྟར་ཉིན་མོ་ལས་ཀ་མང་པོ་བྱེད་ཀྱི་ཡོད། ང་ཚོ་མཚན་མོ་གཉིད་ཁུག་སྐབས་སུ་ངུ་དུས་ཕ་མ་ཡར་ལངས་ནས་གཉིད་མ་ཁུག་པར་ང་ཚོར་ལ་གཅེས་སྐྱོང་གནང་། ཉིན་མོ་ལས་ཀ་མང་པོ་བྱས། མཚན་མོ་གཉིད་ཀྱང་མ་ཁུག་པར་བུ་གུར་བྱམས་སྐྱོང་གནང་གི་རེད། དེ་བས། ཕ་མའི་བཀའ་དྲིན་དེ་དག་དྲན་བཞིན་ཕ་མར་དྲིན་འཇལ་དགོས་པ་རེད། ཕ་མའི་དམིགས་ཡུལ། ཕ་མ་ཚང་མའི་དམིགས་ཡུལ་ནི་སོ་སོའི་ཕྲུ་གུ་གཟུགས་པོ་བདེ་ཐང་ངང་སྤྱང་པོ་དང་རིག་པ་ཡག་པོ། སེམས་བཟང་པོ་དང་གཤིས་ཀ་འཇམ་པོ། སློབ་སྦྱོང་ཡག་པོ་བྱས་ཏེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཆགས་པར་ཉིན་ལྟར་རེ་བ་དང་སྨོན་ལམ་འདེབས་ཀྱིས་ཡོད། ང་ཡི་ཕ་མ། ང་ཡི་ཕ་མ་གཉིས་ཀ་འབུམ་རམས་པ་སློབ་སྦྱོང་བྱས་པ་དང་། མཐོ་རིམ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ཡིན། ང་ཚོའི་ནང་དུ་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་ཀྱི་དཔེ་དེབ་བརྒྱ་ཕྲག་མང་པོ་ཡོད། ཕ་མ་གཉིས་ཀྱིས་དུས་རྒྱུན་ལས་ཁུངས་ཀྱི་ལས་ཀ་གྲོལ་ནས་ནང་དུ་སླེབས་ཚེ། དུས་ཚོད་གང་ཡོད་བཏོན་ནས་དཔེ་ཀློག་བྱེད། ང་ལ་ནུ་བོ་དང་གཅུང་མོ་ཆུང་ཆུང་མཚེས་པ་ཞིག་ཡོད། ཕ་མ་གཉིས་ཀྱིས་ལས་བྲེལ་ཧ་ཅང་ཆེ་བའི་མི་ཚེའི་ཁྲོད་བུ་གུ་གསུམ་ལ་ལྟ་སྐྱོང་དང་། ལས་ཁུངས་ཀྱི་ལས་ཀ་བྱེད་པ། […]

འཛིན་གྲྭ་སྟངས་འཛིན་བྱེད་སྟང

འཛིན་གྲྭ་སྟངས་འཛིན་བྱེད་སྟངས།

འཕྲིན་ལས་ལྷ་མོ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། གཞི་བར་བོད་དགེ། སྔོན་གླེང་།      སྤྱིར་འཛིན་གྲྭའམ་འཛིན་ཁང་ནི། མ་རིག་པའི་མུན་པ་སེལ་བའི་གནས་རྩ་ཆེ་ཤོས་ཤིག་ཡིན་ཞིང་། འཛམ་གླིང་འདི་ཡི་སྟེང་གི་སྐྱེས་བུ་རླབས་ཆེན་སུ་འདྲ་ཞིག་ཡིན་རུང་འཛིན་ཁང་ཞིག་བརྒྱུད་ནས་དགེ་རྒན་མ་བསྟེན་པ་ཞིག་ཧ་ལམ་མེད་ལ། མི་ཞིག་གི་རིག་རྩལ་ཡོངས་སུ་རྫོགས་ས་དང་རྣམ་དཔྱོད་ཀྱི་བློ་མིག་འབྱེད་ས་ཡང་ཡིན། བྱས་ཙང་དགེ་རྒན་ཞིག་ལ་མཚོན་ན་འཛིན་གྲྭ་སྟངས་འཛིན་ཡང་དག་པ་བྱ་ཐུབ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། འོན་ཀྱང་དགེ་རྒན་ཞིག་ལ་རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་ཐོག་ཤེས་ཚད་ལྡང་ངེས་ཤིག་ཡོད་ནའང་འཛིན་གྲྭ་སྟངས་འཛིན་ལེགས་པར་བྱ་ཐུབ་པའི་ངེས་པ་མེད། གང་ཡིན་ཟེར་ན། དགེ་རྒན་མི་གཅིག་གིས་སྟངས་འཛིན་བྱ་ཡུལ་གྱི་ཕྲུ་གུ་ཚོའི་སྡོད་སའི་སྤྱི་ཚོགས་དང་། འཚར་ལོངས་བྱུང་སའི་ཁོར་ཡུག སྤྱི་ཚོགས་ཀྱི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ་བཅས་ཆ་ཚང་ལ་ཁྱད་པར་ཡོད་པས། སློབ་མའི་སྒོ་གསུམ་ཡོད་ཚད་ལ་སྟངས་འཛིན་བྱས་ནས་སློབ་མ་ཡོད་ཚད་ཡང་དག་པའི་ཤེས་སྤྱོད་གཉིས་ལྡན་ཞིག་བསྐྲུན་པར་བྱ་བ་ནི་ཧ་ཅང་གི་གནད་འགག་ཆེ་ལ་ཧ་ཅང་གི་བྱ་དཀའ་བའི་ལས་ཀ་ཞིག་ཀྱང་ཡིན།      དེར་བརྟེན་ངའི་བློ་ངོར་མཚོན་ན་དགེ་རྒན་ཞིག་ལ་མཚོན་ན་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཡག་པོ་ཡོང་བ་ལ་ལོ་མང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དགོས་འདུག་སྙམ། རང་ཉིད་ལ་མཚོན་ན་དགེ་རྒན་གསར་བུ་བ་ཞིག་ཡིན་པའི་ཆ་ནས་འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་ཆེད་སློབ་གཉེར་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་མཐོང་གི་འདུག དེར་བརྟེན། ད་རེས་རྩོམ་ཡིག་འདི་འབྲི་བའི་གོ་སྐབས་དང་སྦྲགས། དགེ་བའི་བཤེས་གཉེན་རྒན་གྲས་རྣམས་ལ་ལམ་སྟོན་ཞུ་བ་དང་དྲ་རྒྱའི་ཐོག་ནས་སློབ་གཉེར་བྱས་ནས་བརྗོད་གཞི་འདི་ཡི་ཐོག་དོན་ཚན་འགའ་ཡི་ཐོག་རང་ནུས་ཅི་ལྕོགས་ཀྱིས་ཙུང་ཙམ་སྤྲོ་བ་ལགས། དང་པོ། འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཞེས་པ་དེར་ངོས་འཛིན་བྱེད་ཚུལ།      འཛིན་གྲྭ་སྟངས་འཛིན་ཞེས་པ་ནི། དགེ་རྒན་ཞིག་གིས་བཙན་ཐབས་དང་དྲག་པོའི་སྒོ་ནས་འཛིན་ཁང་ནང་སློབ་མ་ཡོད་ཀྱང་ཁུ་སིམ་པོར་སྡོད་བཅུག་པ་དེ་འདྲ་མ་ཡིན། གང་ཡིན་ཟེར་ན་སློབ་མ་ཁུ་སིམ་པོར་སྡོད་པ་དེས་སློབ་མའི་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་ནམ་ཡང་མི་འགྲོ་ཞིང་། དགེ་སློབ་ཕན་ཚུན་སློབ་ཚན་དང་འབྲེལ་བའི་གནད་དོན་གང་ལ་ཡང་བགྲོ་གླེང་བྱེད་པའི་གོ་སྐབས་དབེན་པ་དང་། མ་ཤེས་པ་དག་ཁ་གསལ་བཟོ་སླད་དྲི་བ་འདྲི་མི་ནུས་པ་ལ་སོགས་པའི་སྐྱོན་ཆ་མང་དག་ཞིག་མཆིས།དེ་ལས་ལྡོག་སྟེ་དགེ་རྒན་ཞིག་གིས་སློབ་ཚན་འཆར་འགོད་ཡང་དག་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མ་ཚོས་སོ་སོའི་ཤེས་རབ་འགུལ་བ་དང་། གནད་དོན་ལ་བསམ་གཞིགས་གཏོང་བ། རིགས་འདེད་བྱེད་པ། བརྡར་ཤ་གཅོད་པ། དོགས་པ་དང་དཀའ་གནད་སློབ་མ་ཕན་ཚུན་གྲོས་སྡུར་རམ་དགེ་རྒན་ལ་དྲི་བ་སྐུལ་བ་བཅས་འཁྲིད་བྱའི་སློབ་ཚན་དང་འབྲེལ་བའི་བྱེད་སྒོ་ཁག་ལ་དགའ་ཞིང་སྤྲོ་བའི་སྒོ་ནས་ཞུགས་ནས་འཛིན་ཁང་ནང་དགེ་སློབ་གཉིས་ཀ་ཚ་ཚ་འུར་འུར་ངང་ཤེས་སྤྱོད་གཉིས་ཀ་ཡར་རྒྱས་འགྲོ་ཐབས་ལ་འབད་པ་དེ་འདྲ་ཞིག་ལ་གོ་ན་མི་འགྲིག་པ་མེད་སྙམ། གཉིས་པ། འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བའི་འགོག་རྐྱེན་ངོས་འཛིན།      གནས་སྔ་མོའི་དུས་སུ་ནང་ཆོས་ནས་གསུངས་པ་ལྟར་ན། སློབ་འཁྲིད་བྱེད་མཁན་དགེ་རྒན་འདི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བཅུ་དང་ལྡན་པ་ཞིག་དང་། སློབ་མ་ནི་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་ཚུལ་གསུང་གི་ཡོད། འོན་ཀྱང་དེང་གི་ཆར་འཛིན་ཁང་ནང་སློབ་མ་སྣོད་ལྡན་ཡིན་རུང་མིན་རུང་སློབ་མ་ཡོད་དོ་ཅོག་འཛིན་ཁང་གཅིག་གི་ནང་སློབ་གཉེར་བྱེད་ཀྱི་ཡོད། སློབ་མ་ཕལ་མོ་ཆེས་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་སློབ་ཕྲུག་ནང་ཕན་ཚུན་སྐད་ཆ་བཤད་ནས་སློབ་ཕྲུག་དོ་སྣང་ཅན་དག་ལ་གནོད་སྐྱེལ་བ་དང་། དགེ་རྒན་གྱིས་འཁྲིད་བྱའི་སློབ་ཚན་ལ་དབྱིངས་རྩ་བ་ནས་མེད་པ། ཡང་སློབ་ཕྲུག་ལ་ལ་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་དུས་གཉིད་ཡུར་ནས་བསྡད་དེ་ཅི་ཡང་དོ་སྣང་མེད་པ་དང་། སློབ་མ་འགའ་རེས་ག་དུས་ཡིན་ནའང་འཛིན་གྲྭའི་བྱེད་སྒོ་ཁག་དང་ནང་སྦྱོང་དང་ལས་འཆར་གང་འདྲ་ཞིག་ལ་མཉམ་ཞུགས་མ་བྱས་པར་གཡོལ་གང་ཐུབ་བྱེད་ཀྱི་ཡོད།      ཆེས་དཀའ་ངལ་ཆེ་ཤོས་ཞིག་ནི་སློབ་མ་ལ་ལས་དགེ་རྒན་ལ་ཁ་ལན་སློག་པ་དང་། དགེ་རྒན་ལ་དགེ་རྒན་གྱི་འདུ་ཤེས་མེད་པར་རང་སྣང་གང་དྲན་བྱེད་པར་མ་ཟད། སློབ་ཕྲུག་ནང་ཕན་ཚུན་ལ་འཆམ་མཐུན་རྩ་བ་ནས་བྱེད་ཀྱི་མེད། དེར་བརྟེན། དགེ་རྒན་ཞིག་གིས་འཛིན་གྲྭ་སྟངས་འཛིན་ཡང་དག་པ་ཞིག་མི་ཡོང་བའི་འགོག་རྐྱེན་དེ་དག་ངོས་བཟུང་བའི་ཐོག རང་རང་གི་རྣམ་དཔྱོད་ཀྱི་རྩལ་གྱིས་ཡང་དག་པའི་འཛིན་གྲྭ་སྟངས་འཛིན་བྱེད་ཐབས་ལ་བརྟེན་ནས་དཀའ་ངལ་དག་སེལ་ཐབས་བྱ་བ་ལགས། གསུམ་པ། འཛིན་གྲྭ་སྟངས་འཛིན་ལེགས་པར་བྱེད་དགོས་པའི་དགོས་དམིགས།      འཛིན་གྲྭ་ནི་སློབ་མ་ཞིག་ལ་མཚོན་ན། མི་ཚེའི་ནང་དུས་ཚོད་མང་ཤོས་གཏོང་སའི་ཁང་མིག་ཅིག་ཡིན། ཁང་མིག་འདི་ནི་ཆེས་རིན་ཐང་ཆེ་ཤོས་ཞིག་ཡིན་པ་ཤེས་དགོས་ལ། དགེ་སློབ་གཉིས་ཀྱིས་ཡང་དག་པའི་སྟངས་འཛིན་འོག་སློབ་གཉེར་ལ་བརྟེན་ནས་ཡིག་རྨོངས་སེལ་བ་དང་། ཤེས་བྱའི་གནས་མང་པོར་བློ་གྲོས་རྒྱས་ས་ཞིག་ཀྱང་ཡིན། དགེ་རྒན་གྱིས་སློབ་མའི་ཁམས་དང་མོས་པ་སོགས་འཚམ་པའི་བསམ་བློའི་སློབ་གསོ་ལ་བརྟེན་ནས། སློབ་མའི་མི་གཤིས་ཀུན་སྤྱོད་བཟང་ཕྱོགས་ལ་འགྱུར་བ་རླབས་ཆེན་གཏོང་ཐུབ་པ་དང་། གཞན་ཡང་དགེ་རྒན་གྱིས་སྟངས་འཛིན་འོག་སློབ་ཁྲིད་དང་འབྲེལ་བའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ནས། སློབ་མས་མི་དང་མིའི་དབར་གྱི་འབྲེལ་ལམ་བྱེད་སྟངས་ཤེས་པ་མ་ཟད། མི་གཞན་གྱི་དཀའ་ངལ་ལ་བསམ་ཤེས་དང་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་ལ་སོགས་པའི་གོམས་གཤིས་བཟང་པོ་འཇོག་ས་ཞིག་ཡིན།      རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་ཡང་དག་པའི་འཛིན་གྲྭ་སྟངས་འཛིན་བྱ་རྒྱུ་ནི་ཧ་ཅང་གི་དགོས་དམིགས་ཆེན་པོ་ཡོད། གལ་ཏེ་འཛིན་གྲྭ་སྟངས་འཛིན་ཡག་པོ་ཞིག་མ་བྱུང་བ་དང་། སློབ་མ་ལེགས་པར་གཅུན་མ་ཐུབ་པའམ་ལེགས་ལམ་དུ་སྣེ་ཁྲིད་བྱེད་མ་ཐུབ་ཚེ། […]

འཛིན་་གྲྭ་སྟངས་འཛིན་བྱེད་སྟ

འཛིན་་གྲྭ་སྟངས་འཛིན་བྱེད་སྟངས། སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྟངས།

ཐག་གཅོད་ཚེ་རིང།གཞི་རིམ་གོང་མའི་བོད་དགེ། ཤིམ་ལ་སཾ་བྷོ་ཊ་གཏན་སློབ།       ༄༅། །འཛིན་གྲྭར་དོ་དམ་ནུས་པ་ལྡན་པ་ཞིག་བྱེད་པར་སློབ་ཕྲུག་ཚོར་གཙོ་བོར་ཀུན་སློང་བྱམས་བརྩེའི་ངོ་བོ་ཐོག་ནས་སློབ་སྦྱོང་ལ་འཇུག་རྒྱུ་དང་། བརྩི་བཀུར་བྱེད་རྒྱུ། སློབ་སྦྱོང་བྱེད་རྒྱུར་སྐུལ་སློང་བྱེད་རྒྱུའི་ཚོར་སྣང་ཡོང་བའི་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། འདིར་འཛིན་གྲྭར་དོ་དམ་བྱེད་པ་དང་ནང་སྦྱོང་ལ་སྐུལ་སློང་བྱེད་པའི་འགྲེལ་བཤད་ཞིབ་ཕྲ་འགའ་ཤས་ཡོད། ༡།  རེ་བ་གསལ་པོ་བཟོ་བ།       ཀ)  སློབ་གྲྭའི་ལོ་འཁོར་རམ་སློབ་དུས་འགོ་འཛུགས་སྐབས་སྤྱོད་ལམ་དང་། མཉམ་ཞུགས། ནང་སྦྱོང་གི་ཐོག་ལ་རེ་བ་གང་ཡོད་རྣམས་རགས་རིམ་ཙམ་བཀོད་དགོས།       ཁ)  རེ་བ་འདི་དག་ངག་ཐོག་དང་ཡིག་ཐོག་གཉིས་ཀར་གསལ་པོར་བརྡ་སྤྲོད་དགོས། དེ་ཡང་འཆར་གཞིའི་ཡིག་ཆའམ་འཛིན་གྲྭའི་སྒྲིག་ལམ་གྱི་སྦྱར་ཡིག་གི་ཐོག་ནས་གསལ་པོར་བརྡ་སྤྲོད་དགོས།       ག)  རེ་བ་འདི་དག་མ་བསྒྲུབས་ན་འབྱུང་རྒྱུའི་འབྲས་བུ་དང་། དེ་དག་བསྒྲུབས་ན་ཐོབ་པའི་བྱ་དགའ་བཅས་སློབ་ཕྲུག་སོ་སོས་ཤེས་རྟོགས་ཐུབ་པ་བཟོ་དགོས། ༢།  འབྲེལ་ལམ་འཛུགས་སྐྲུན་བྱེད་པ།       ཀ)  སློབ་ཕྲུག་སོ་སོར་རྒྱུས་ལོན་བྱེད་པའི་དུས་ཚོད་གཏོང་དགོས། ཁོང་ཚོའི་མི་ཚེ་དང་དགའ་ཕྱོགས་དམིགས་ཡུལ་བཅས་ལ་དོ་སྣང་ངོ་མ་དགོས་པ་སྟོན་དགོས།      ཁ)  སློབ་ཕྲུག་ཚོར་དྲི་བ་འདྲི་རྒྱུ་དང་རང་འདོད་བརྗོད་རྒྱུར་བདེ་བའི་ཚོར་སྣང་ཡོང་བའི་འཛིན་གྲྭའི་ཁོར་ཡུག་ནང་རྒྱབ་སྐྱོར་ལྡན་ཞིང་ཀུན་འདུས་ཀྱི་རིག་གཞུང་ཞིག་བསྐྲུན་དགོས།      ག)  རྩོད་རྙོག་དང་གནད་དོན་གང་འདྲ་ཞིག་འཕྲལ་དུ་དྲང་བདེན་གྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང་། གུས་བརྩི་དང་སྐྱིད་སྡུག་མཉམ་མྱོང་གི་བསམ་བློའི་ཐོག་ནས་ཐབས་ལམ་རྒྱུན་སྲིང་བྱ་དགོས། ༣།  སློབ་ཕྲུག་གི་དོ་སྣང་འགུག་པའི་སློབ་ཚན་བཟོ་རྒྱུ།       ཀ)  སློབ་ཁྲིད་ཀྱི་ཐབས་ལམ་སྣ་ཚོགས་དཔེར་ན། གཏམ་བཤད་དང་། བགྲོ་གླེང་། ཚོགས་སྤྱོད་དང་། སྣ་མང་བརྡ་འཕྲིན་གྱི་ངོ་སྤྲོད་སོགས་བེད་སྤྱད་དེ་སློབ་ཕྲུག་གི་སློབ་སྦྱོང་གི་གོམས་གཤིས་དང་དགའ་ཕྱོགས་སྣ་ཚོགས་ལ་འཚམ་པའི་སློབ་ཚན་འཆར་འགོད་བྱ་རྒྱུ།       ཁ)  འབྲེལ་ཡོད་དང་དངོས་ཡོད་ཀྱི་དཔེ་མཚོན་བཀོལ་ནས་རྣམ་གཞག་ཁ་ཡོད་ལག་ཡོད་དུ་ལག་བསྟར་བྱེད་ཚུལ་གསལ་སྟོན་བྱས་ཏེ། སློབ་ཕྲུག་གི་སློབ་སྦྱོང་དེ་དོན་སྙིང་ལྡན་པ་དང་དོ་སྣང་འདྲེན་པ་ཞིག་བཟོ་དགོས།       ག)  ལས་ཀ་དང་འཆར་གཞིའི་ནང་དུ་སློབ་ཕྲུག་ལ་འདེམས་ཀ་དང་རང་དབང་ལྡན་པའི་གོ་སྐབས་སྤྲོད་པ་དང་། སློབ་སྦྱོང་གི་བདག་དབང་གོང་འཕེལ་གཏོང་དགོས། ༤།  འཛིན་ཁང་ནང་གི་སྤྱོད་ལམ་ལ་དོ་དམ་བྱེད་པ།       ཀ)  ཁྱེད་ཀྱི་རེ་བ་དང་མཐུན་པའི་སྒྲིག་ལམ་གྱི་ཐབས་ལམ་གཅིག་གྱུར་དང་དྲང་བདེན་ལག་བསྟར་བྱེད་པ། དེ་དག་གི་ཁོངས་སུ་ཚིག་གི་ཉེན་བརྡ་དང་། དུས་ཚོད་འགོར་འགྱང་། དམིགས་བསལ་ཐོབ་ཐང་བརླག་པ། ཕ་མ་དང་ལྟ་རྟོག་བྱེད་མཁན་མཉམ་ཞུགས་བྱེད་པ་སོགས་ཚུད་ཡོད      ཁ)  འདོད་པའི་སྤྱོད་ལམ་རྣམས་ངོས་འཛིན་དང་ཤུགས་ཆེ་རུ་གཏོང་བར་བསྔགས་བརྗོད་དང་། སེམས་ཤུགས་སྤར་བ། བྱ་དགའ་སྤྲོད་པ་སོགས་བཟང་ཕྱོགས་ཀྱི་ནུས་ཤུགས་སྤེལ་ཐབས་བེད་སྤྱོད་གཏོང་བ།      ག)  སློབ་ཕྲུག་ཚོ་དང་འབྲེལ་ལམ་བྱེད་སྐབས་གུས་ཞབས་དང་བཟོད་བསྲན་མིག་དཔེར་འོས་པ་བྱ་རྒྱུ། ཐ་ན་དཀའ་ངལ་འཕྲད་པའི་གནས་སྟངས་ནང་དུའང་ཞི་འཇམ་དང་བག་ཕེབས་ཀྱི་སྤྱོད་ལམ་རྒྱུན་སྲིང་བྱ་རྒྱུ།      ང)  བཟང་ཕྱོགས་ཀྱི་སློབ་སྦྱོང་གི་ཁོར་ཡུག་བསྐྲུན་རྒྱུ། དྲི་བ་འདྲི་རྒྱུ་དང་རོགས་རམ་འཚོལ་རྒྱུར་སློབ་ཕྲུག་ཚོར་བདེ་སྣང་ཡོང་བའི་འཛིན་ཁང་ནང་བཟང་ཕྱོགས་དང་མཐུན་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ། མཉམ་ལས་དང་ཟླ་གྲོགས་ཀྱི་རྒྱབ་སྐྱོར་ལ་སེམས་ཤུགས་སྤོར་རྒྱུ། ༥།  ཪོགས་སྐྱོར་བསྐྲུན་པ་ནི།       ཀ)  སློབ་སྦྱོང་དང་སེམས་ཁམས་ཀྱི་ཐོག་ནས་དཀའ་ངལ་འཕྲད་མཁན་གྱི་སློབ་ཕྲུག་ཚོར་རོགས་རམ་དང་མཐུན་རྐྱེན་འཕར་མ་མཁོ་སྤྲོད་བྱེད་པ།       ཁ)  སློབ་ཕྲུག་ཚོར་སློབ་ཚན་ནང་དོན་གོ་རིམ་ལྡན་པའི་ཐོག་ནས་འགྲེལ་བརྗོད་དང་སློབ་ཁྲིད་བྱེད་རྒྱུའི་ལམ་སྟོན་གསལ་པོ་བྱེད་རྒྱུ།       ག)  སློབ་ཕྲུག་ཚོར་རོགས་རམ་མཁོ་དུས་རོགས་རམ་འཚོལ་རྒྱུར་སྐུལ་འདེད་གཏོང་རྒྱུ། ལས་ཁུངས་ཀྱི་དུས་ཚོད་དང་འཛིན་གྲྭ་གྲོལ་རྗེས་རོགས་རམ་སྣོན་མ་བྱེད་རྒྱུ། སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྟངས།       སློབ་ཕྲུག་ལ་ནང་སྦྱོང་བྱེད་དགོས་པའི་སྐུལ་སློང་བྱེད་པར་སྐུལ་འདེད་དང་། རྒྱབ་སྐྱོར། ཕན་ནུས་ལྡན་པའི་འབྲེལ་ལམ་བཅས་ཀྱི་སྡེབ་སྦྱོར་ཞིག་དགོས། གཤམ་དུ་ཐབས་ལམ་ཁ་ཤས་ཡོད།      ༡།  གལ་ཆེའི་རང་བཞིན་གསལ་འདེབས་བྱེད་པ། ནང་སྦྱོང་མེད་དུ་མི་རུང་བ་ཡིན་པའི་རྒྱུ་མཚན་ཤེས་རྟོགས་ཡོང་བར་སློབ་ཕྲུག་ལ་རོགས་བྱེད་དགོས། དེས་འཛིན་གྲྭའི་ནང་སྦྱངས་པའི་ཤེས་བྱ་རྣམས་སྲ་བརྟན་དུ་གཏོང་ཚུལ་དང་། གནད་འགག་ཆེ་བའི་ནུས་རྩལ་རྣམས་སྐྱེད་སྤེལ་བྱེད་པ། རྒྱུགས་སྤྲོད་ཆེད་གྲ་སྒྲིག་བྱེད་ཚུལ་བཅས་འགྲེལ་བརྗོད་དགོས།      ༢།  རེ་བ་གསལ་པོ་བཟོ་བ། ནང་སྦྱོང་གི་ལས་ཀ་དང་། […]

འཛིན་གྲྭ་སྟངས་འཛིན་གནང་སྟངས

འཛིན་གྲྭ་སྟངས་འཛིན་གནང་སྟངས།

བསྟན་འཛིན་དབང་ཕྱུགགཞི་རིམ་འོག་མའི་དགེ་རྒན། མན་སྤར་སཾ་བྷོ་ཊ།       འཛིན་གྲྭ་སྟངས་འཛིན་གནང་སྟངས་དང་འབྲེལ་རང་ཉིད་གཞི་རིམ་འོག་མའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་གཞི་རིམ་འོག་མའི་འཛིན་གྲྭ་སྟངས་འཛིན་གནང་སྟངས་སྐོར་གླེང་བར་འདོད། གཞི་རིམ་འོག་མའི་འཛིན་གྲྭ་སྟངས་འཛིན་གནང་སྟངས་ནི། བཟང་ཕྱོགས་དང་གྲུབ་འབྲས་ལྡན་པའི་སློབ་གཉེར་གྱི་ཁོར་ཡུག་ཅིག་གི་རྨང་གཞི་སྐྲུན་གྱི་ཡོད། དེ་ནི་སློབ་ཕྲུག་གི་ལས་ཞུགས་གོང་མཐོར་གཏོང་བ་དང་། སྤྱི་ཚོགས་ཀྱི་ཚོར་བ་གོང་འཕེལ་གཏོང་བ། རྣམ་གཡེང་ཉུང་དུ་གཏོང་བ་བཅས་ལ་དམིགས་པའི་ཐབས་ཇུས་དང་ཐབས་ལམ་སྣ་ཚོགས་ཤིག་གི་ནང་དུ་འདུས་ཡོད། རྩོམ་ཡིག་འདིས་གཞི་རིམ་འོག་མའི་འཛིན་གྲྭ་སྟངས་འཛིན་གྱི་ཐབས་ཇུས་ནུས་པ་ཅན་སྣ་ཚོགས་ཤིག་མྱོང་ཚོར་གྱིས་སློབ་གཉེར་གྱི་ཁོར་ཡུག་ལེགས་ཤོས་སྐྲུན་པར་སྔོན་ཚུད་ནས་ལས་ལ་ཞུགས་པའི་ཐབས་ལམ་གྱི་གལ་གནད་གསལ་སྟོན་བྱེད་ཀྱི་ཡོད།      སློབ་ཕྲུག་ཚོའི་ཤེས་ཡོན་དང་། སྤྱི་ཚོགས། མྱོང་ཚོར་སོགས་ཡར་རྒྱས་གཏོང་བར་བཟང་ཕྱོགས་ཀྱི་སློབ་སྦྱོང་གི་ཁོར་ཡུག་ནི་གལ་གནད་ཆེན་པོ་ཡིན། དགེ་རྒན་རྣམས་ཀྱིས་རེ་ལྟོས་གང་ཡིན་གསལ་པོ་བཟོ་བ་དང་། འཆར་གཞི་སྒྲིག་པ། སེམས་པ་བཟང་པོ་དང་རྒྱབ་སྐྱོར་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་ཏེ་ཁོར་ཡུག་དེ་ལྟ་བུ་སྐྲུན་ཐུབ། སློབ་ཕྲུག་ཚོར་ཞོགས་པར་འཚམས་འདྲི་ཞུ་བ། སློབ་ཕྲུག་གི་ལས་དོན་འགྲེམས་སྟོན་བྱེད་པ། འཛིན་གྲྭ་ནང་དགོད་བྲོ་པོ་དང་སྤྲོ་སྣང་ལྡན་པའི་ཆ་ཤས་སུ་བསྐྲུན་ཚེ་བཟང་ཕྱོགས་ནས་འགྱུར་བ་འགྲོ་བར་མཐུན་འགྱུར་བྱེད་ཐུབ། རེ་བ་གསལ་པོ་བཟོ་རྒྱུ།       སློབ་མ་རང་ཉིད་ཀྱི་ལས་འགན་དང་དགེ་རྒན་གྱི་རེ་བ་གསལ་པོ་བཟོ་ཐུབ་ཚེ། སློབ་ཕྲུག་རང་གིས་གང་བྱེད་དགོས་པ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཡོང་བ་དང་འགན་འཁུར་གོང་མཐོར་གཏོང་བར་ཕན་ཐོགས་ཡོང་གི་རེད། དགེ་རྒན་གྱིས་རང་ཉིད་སྤྱོད་ལམ་ཁྱེར་སོ་དང་ལུས་ཀྱི་རྣམ་འགྱུར་དང་བཀའ་མོས་གནང་སྟངས་སོགས་སློབ་མར་དཔེ་མཚོན་སྤྲོད་དགོས། འཛིན་གྲྭའི་སྒྲིག་ལམ་མང་མ་དྲག་པ་དང་གང་ཡོད་པ་རྣམས་ལེགས་ཕྱོགས་ཀྱི་སྒྲོམ་གཞི་ལྡན་པ་མངོན་གསལ་དོད་པོ་བཅས་བཟོ་དགོས།      འཛིན་གྲྭ་སྟངས་འཛིན་གནང་སྟངས་ལ་དོ་སྣང་གནང་ཐབས་ནི། སློབ་མའི་ཀུན་སྤྱོད་ལ་དཀའ་ངལ་མ་བྱུང་བའི་སྔོན་དུ་སྔོན་འགོག་བྱེད་པར་དམིགས་པ་དགོས། ཐབས་ལམ་དེ་དག་གི་སློབ་མ་རང་ངོས་ནས་འཛིན་གྲྭའི་མོས་མཐུན་གྱི་སྒྲིག་གཞི། སློབ་ཚན་འཆར་འགོད་དུས་ཚོད་བཏང་ནས་སྒྲིག་དགོས་པ་ལས་སླ་སྤྱོད་རིགས་ངེས་པར་དུ་དོར་དགོས་པ་མ་ཟད་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་གི་དོ་སྣང་བསྐྲུན་ཐབས་ལ་འབད་དགོས། སློབ་མ་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛུགས་སྐྲུན།       དགེ་སློབ་དབར་གྱི་འབྲེལ་ལམ་བརྟན་པོ་དེ་འཛིན་གྲྭའི་འཛིན་གྲྭའི་སྟངས་འཛིན་གྱི་གནང་སྟངས་་དབང་གི་འབྱུང་གི་ཡོད། དགེ་རྒན་རྣམས་ཀྱིས་ཕན་ཚུན་ལ་གུས་ཞབས་དང་གོ་རྟོགས་གཞི་རྩར་བཞག་པའི་ཐོག་ནས་སློབ་ཕྲུག་ཚོ་དང་ལྷན་དུ་ཡིད་ཆེས་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས། སློབ་ཕྲུག་རེ་རེ་བཞིན་ངོ་ཤེས་ཡོང་བ་དང་སློབ་མར་དཀའ་ངལ་བྱུང་སྐབས་སློབ་མར་སེམས་ཤུགས་སྤར་བ་དང་བསྔགས་བརྗོད་བྱེད་རྒྱུ་བཅས་ཀྱི་དུས་ཚོད་བཏང་ན་སློབ་ཕྲུག་ཚོར་རིན་ཐང་ལྡན་པ་དང་དགེ་རྒན་གྱི་ཡ་ལན་ཡོད་པའི་སྐུལ་སློང་ཐེབས་པའི་སློབ་སྦྱོང་གི་ཁོར་ཡུག་ལ་རོགས་འདེགས་བྱེད་མཁན་ཞིག་ཡོང་བར་ཕན་ཐོགས་ཆེ། རྣམ་འགྱུར་སྐྱེན་པོས་འཛིན་གྲྭར་སྟངས་འཛིན།       སྔོན་འགོག་གི་ཐབས་ལམ་ཡོད་མེད་ལ་མ་ལྟོས་པར་འཛིན་གྲྭའི་ནང་རྣམ་འགྱུར་སྐྱེན་པོས་སྟངས་འཛིན་གྱི་ཐབས་ལམ་དགོས་པའི་དཀའ་ངལ་འཕྲད་སྲིད། སྤྱོད་ལམ་ངན་པ་ལ་གདོང་ལེན་བྱེད་སྐབས་ཞི་འཇམ་དང་། རྒྱུན་གནས། དྲང་བདེན་བཅས་རྒྱུན་གནས་བྱེད་རྒྱུ་གལ་ཆེན་པོ་ཡིན། དགེ་རྒན་རྣམས་ཀྱིས་དཀའ་ངལ་ཆུང་ངུ་འཕྲལ་དུ་སེལ་ཐབས་དང་། དཔེར་ན་ཉེ་འགྲམ་དུ་སྡོད་པ། ལེགས་ཕྱོགས་ནས་དགོངས་ཚུལ་སྤེལ་བ་ལྟ་བུའི་ཐབས་ལམ་བེད་སྤྱོད་གཏོང་དགོས། སཱི་ཤེས་ཡོན་ནང་གི་ཕྲལ་མར་ཐབས་བྱུས་མི་འདྲ་བ་སོགས་ཡོད་པ་གང་སྟབས་བདེ་སྤྱོད་པའི་ཐོན་ནས་བསྐྱར་གསོའི་སྦྱོང་བརྡར་ལག་བསྟར་བྱེད་རྒྱུ་བཅས་ཀྱིས་སློབ་ཕྲུག་ཚོར་སོ་སོའི་ནོར་འཁྲུལ་ལས་བསླབ་བྱ་ལེན་པ་དང་སོ་སོའི་བྱ་སྤྱོད་ཀྱི་འགན་འཁུར་རྒྱུར་རོགས་རམ་བྱེད་ཐུབ། འཛིན་གྲྭའི་ནང་སློབ་ཕྲུག་ཚོས་མཉམ་ཞུགས་གོང་སྤེལ།       སློབ་ཕྲུག་གི་རང་ཉིད་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་དང་རྣམ་གཡེང་ཉུང་དུ་གཏོང་བར་བྱེད་སྒོའི་ནང་ལེགས་ཉེས་ལ་མ་བལྟོས་པར་འཇུག་དགོས་པ་ནི་གཙོ་བོ་ཡིན། དགེ་རྒན་གྱིས་ལག་བསྟར་བྱེད་སྒོ་དང་། སློབ་ཕྲུག་ཚོ་ཆ་བགོས་ཀྱིས་སློབ་ཚན་དང་འབྲེལ་བའི་མཉམ་ལས་དང་། འཕྲུལ་ཆས་བརྒྱུད་དེ་སྤྱན་བསྟར་ལྟ་བུའི་སློབ་ཁྲིད་ཐབས་ལམ་སྣ་ཚོགས་པའི་བརྒྱུད་དེ་སློབ་མའི་དོ་དབྱིངས་གོང་མཐོར་གཏོང་ཐུབ། སློབ་ཕྲུག་གི་འདེམས་ཀ་དང་རང་དབང་གི་གོ་སྐབས་བསྐྲུན་པ་དང་། དེ་བཞིན་སློབ་མས་འབད་བརྩོན་ལ་ངོས་འཛིན་ཡོད་པ་དང་བཟང་ཕྱོགས་ཀྱི་ཡ་ལན་དུས་ཐོག་ཏུ་གནང་ཚེ་སློབ་མའི་ཀུན་སློང་སྔར་ལས་གོང་མཐོར་གཏོང་ཐུབ། མཇུག་བསྡོམས་སུ།       སློབ་ཕྲུག་ཚོ་སློབ་སྦྱོང་གི་ཐོག་ནས་ཡར་རྒྱས་འགྲོ་ཐུབ་རྒྱུ་དང་། སྤྱི་ཚོགས་ཐོག་ནས་ཡར་རྒྱས་འགྲོ་རྒྱུ། མྱོང་ཚོར་གྱི་ཐོག་ནས་ཡར་རྒྱས་འགྲོ་ཐུབ་རྒྱུ་བཅས་ལ་མཐུན་རྐྱེན་དུ་གྱུར་པའི་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་ནུས་པ་ལྡན་པའི་གཞི་རིམ་འོག་མའི་འཛིན་གྲྭ་དོ་དམ་ནི་མེད་དུ་མི་རུང་བ་ཞིག་ཡིན། དགེ་རྒན་རྣམས་ཀྱིས་སྔོན་ཚུད་ཐབས་ཇུས་ལག་བསྟར་བྱེད་པ་དང་། རེ་ལྟོས་གསལ་པོ་བཟོ་བ། བཟང་ཕྱོགས་ཀྱི་འབྲེལ་ལམ་འཛུགས་པ། སློབ་ཕྲུག་གི་ལས་ཞུགས་གོང་སྤེལ་གཏོང་བ་བཅས་ལ་བརྟེན་ནས་སློབ་ཕྲུག་ཚང་མའི་སློབ་སྦྱོང་དང་། འཚར་ལོངས། དེ་བཞིན་ལམ་ལྷོང་གིས་གྲུབ་འབྲས་ཐོབ་པ་བཅས་ལ་མཐུན་རྐྱེན་དུ་གྱུར་པའི་འཛིན་ཁང་གི་ཁོར་ཡུག་ཅིག་བསྐྲུན་པའི་ཡིད་ཆེས་ཡོད་དོ།།

འཛིན་གྲྭ་སྟངས་འཛིན་བྱེད་སྟང

འཛིན་གྲྭ་སྟངས་འཛིན་བྱེད་སྟངས།

བསྟན་འཛིན་དངོས་གྲུབ།གཞི་རིམ་བར་མའི་བོད་དགེ སཾ་བྷོ་ཊ་ཅན་དྷ་གྷི་རི་ཉིན་སློབ།       སྤྱིར་འཛིན་གྲྭའི་སྟངས་འཛིན་བྱེད་སྟངས་ཐད་དགེ་རྒན་སོ་སོར་ཐུན་མོང་མིན་པའི་ཐབས་ལམ་མི་གཅིག་པ་དུ་མ་ཡོད། དེ་དག་ནི་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་མི་འདྲ་བས་ཡིན། ང་ཚོས་འཛིན་གྲྭའི་སྟངས་འཛིན་ངེས་ཅན་ཞིག་བཟུང་ནས་དེ་འཛིན་གྲྭའི་སྟངས་འཛིན་བྱེད་སྟངས་དྲག་ཤོས་དང་གཅིག་ཤོས་དེ་ཞན་ཤོས་ཡིན་པ་སྒྲུབ་ཁག་པོ་རེད། དཔེར་ན། འཛིན་གྲྭའི་ནང་སློབ་ཁྲིད་བྱེད་བཞིན་པའི་སྐབས་སྤྱི་ཡོངས་ལ་གནོད་སྐྱེལ་བའི་སློབ་ཕྲུག་ཅིག་ལ་དགེ་རྒན་གྱིས་ཕྱག་འཇུག་གནང་ན། ཡུལ་ཁྲིམས་ལས་འགལ་བ་དང་འཛིན་གྲྭའི་སྟངས་འཛིན་བྱེད་སྟངས་ངན་པར་འཛིན་མཁན་གྲངས་མི་ཉུང་བ་ཡོད། དེ་ལས་ལྡོག་པ་ཡུལ་ཁྲིམས་དང་འཛིན་གྲྭའི་སྟངས་འཛིན་ལེགས་པོའི་ཁོངས་སུ་འཛིན་པའི་ཡོངས་གྲགས་བཞིན་ཁ་ཏ་སློབ་གསོ་རྐྱང་པས་གཅུན་སྟངས་དེ་མི་ཚེའི་དངོས་འཚོ་བ་སྐྱེལ་བའི་སྐབས་ཇི་ཙམ་ཕན་མིན་ནི་དྲི་རྟགས་ཆེན་པོ་ཞིག་ཡིན། དེ་དག་སྤྱི་ཚོགས་ནང་མིག་མཐོང་ལག་ཟིན་གྱི་དཔེ་མང་པོ་མཐོང་རྒྱུ་ཡོད། རྒན་པས་སྟངས་འཛིན་ལྷོད་པའི་རྐྱེན་གྱིས་ཆུང་བའི་འགྲོ་སྟངས་ཤོར་བ་དང་། རྒན་པས་ཕྲུ་གུའི་ཤེས་ཡོན་ཆེད་སྟངས་འཛིན་མང་དྲགས་པའི་དབང་གིས་བློ་ཡིད་མི་ཚིམ་པའི་མི་ཞིག་ཏུ་འགྱུར་ནས་རང་གིས་རང་ལ་སྡུག་པོ་གཏོང་བའི་གནས་ཚུལ་ལྷག་པ་གྲངས་ཀྱིས་མི་ལངས། སློབ་གྲྭའི་ནང་སློབ་ཁྲིད་བྱེད་བཞིན་པའི་སྐབས་སྟངས་འཛིན་བྱེད་སྟངས་ཡག་ཉེས་དེ་གནས་བབ་སོ་སོར་གཞིགས་ནས་ཡག་སྡུག་ཤེས་པ་ལས། བརྒྱ་ཁ་གཅིག་ཆོད་བྱས་ནས་འཛིན་གྲྭའི་སྟངས་འཛིན་བྱེད་སྟངས་བྱེ་བྲག་པ་ཞིག་རྣམ་པ་ཐམས་ཅད་དུ་ཡག་པ་དང་སྡུག་པའི་དབྱེ་ཐག་དེ་ཕལ་ཆེར་དཀའ་མོ་རེད། ང་ཚོས་བྱེད་སྟངས་གང་གིས་སློབ་མའི་མི་ཚེར་ཕན་གནོད་འབྲེལ་མིན་བཤད་ཚོད་མི་ཐིགས། རེ་འགར་ནན་པོ་དང་རྩུབ་པོས་གཅུན་པ། ལ་ལར་ཁ་འཇམ་པོས་གཅུན་ན་ཕན་འབྲས་ཐོན་པ་ཡོད། མདོར་ན་སྤྱི་ཚོགས་ཀྱི་འགྲོ་ལུགས་མང་པོ་སྒེར་ལ་མ་རན་མ་འཚམས་པའི་དཔེ་མང་པོ་དངོས་སུ་མཐོང་རྒྱུ་ཡོད། དགེ་རྒན་གྱིས་སྐབས་སོ་སོར་སྨན་པའི་སྟངས་འཛིན་བྱེད་ཕྱོགས་དེ་ཐབས་ལམ་ལེགས་ཤོས་རེད།       འཛིན་གྲྭའི་སྟངས་འཛིན་བཟང་པོ་འདུག་ཟེར་ནས་གང་གསུངས་ལག་བསྟར་གནང་བའི་སློབ་མའི་རྣམ་དཔྱོད་ཀྱི་ཚད་གཞི་དང་འདི་བྱེད་འདི་མ་བྱེད་ཅེས་ལམ་སྟོན་གྱི་འོག་མི་འགྲོ་བའི་སློབ་ཕྲུག་གི་རྣམ་དཔྱོད་ལ་ཁྱད་པར་ཆེན་པོ་ཡོད། ལམ་སྟོན་འོག་འགྲོ་བའི་རྩེ་ཕུད་སློབ་མ་རྣམས་རིམ་པའི་འཚོ་བ་དངོས་ནང་དཀའ་ངལ་མང་པོ་འཕྲད་པ་དང་ལམ་སྟོན་རྐྱང་པའི་འོག་ཤར་བསྐྱོད་མི་བྱེད་མཁན། ནམ་རྒྱུན་ཉེས་བརྡུང་དང་ཁ་རྡུང་གཟེད་པའི་སློབ་མ། རྒྱུགས་མི་འཕྲོད་པའི་སློབ་མ་མང་པོ་ཞིག་འཚར་ལོངས་བྱུང་རྗེས་ཨང་རིམ་སོན་པའི་སློབ་མ་ལས་མི་ཚེའི་འགྲོ་སྟངས་ལྷག་པ་ཆགས་རྒྱུ་དེར་དགོངས་པ་དངོས་གནས་བཞེས་དགོས་པའི་གནད་དོན་ཞིག་ཡིན། དེར་འཛིན་གྲྭའི་སྟངས་འཛིན་བྱེད་ཕྱོགས་དང་ཐད་ཀར་འབྲེལ་བ་འདུག ང་ཚོས་བསམ་བློའི་རང་དབང་དེ་ཙམ་མ་སྤྲོད་པར་བཙན་སྐུལ་གྱིས་བཀང་བཏང་བའི་ཉེར་ལེན་གྱིས་སློབ་མའི་རང་དབང་གིས་བསམ་བློ་བྲལ་ཏེ་རང་སྟོབས་ཀྱིས་བསམ་བློ་གཏོང་རྒྱུ་མེད་པ་ལྟ་བུ་འགྱུར། གོང་གི་དོན་ཚན་གཉིས་ཟུར་དུ་བཞག་ནས། ང་རང་སྒེར་གྱི་འཛིན་གྲྭའི་སྟངས་འཛིན་བཟང་པོ་ཅི་འདྲ་ཞིག་ལ་ཟེར་རམ་ཞེ་ན་སློབ་མ་རྒྱུས་ལོན་ནས་དགེ་རྒན་གྱིས་སློབ་འདོད་པའི་སློབ་ཚན་དེ་དཀའ་ཚེགས་མེད་པ་རན་པོའི་ངང་སློབ་སྟངས་ཤིག་ལ་གོ སློབ་མ་དང་དགེ་རྒན་རྣམ་པར་ལོ་དང་ཉམས་མྱོང་གང་ཅིའི་ཐད་ཁྱད་པར་ཆེན་པོ་ཡོད་པར་བརྟེན། སློབ་ཕྲུག་མཉམ་དུས་ཚོད་མ་བཏང་བར་སློབ་མ་དང་འབྲེལ་ཟམ་གྱི་རྨང་གཞི་དེ་གདིང་མི་ཐུབ། སློབ་མའི་དོ་དབྱིངས་རྣམས་ཤེས་པ་བྱས་ཏེ་གང་ཐུབ་བློར་འབབ་པའི་གཏམ་དང་མཐོང་འདོད་པའི་སྤྱོད་ཚུལ་འཛིན་ན། སློབ་ཕྲུག་ཚོས་དགེ་རྒན་ལ་རང་བཞིན་གྱིས་དགའ་པོ་བྱེད་པ། དགའ་མོས་དང་སྤྲོ་སྣང་བྱུང་ན་འཛིན་གྲྭའི་ནང་སློབ་ཕྲུག་གིས་སློབ་སྦྱོང་ལ་དོ་སྣང་ངང་གིས་འཕེལ།       སློབ་ཕྲུག་སློབ་སྦྱོང་ལ་དོ་དབྱིངས་བསླེབ་དཀའ་བའི་རྒྱུ་མཚན་འགའ་ནི་རྒྱུན་རིང་ས་ཆ་གཅིག་རང་ལ་འདུག་པ། གཅིག་རྗེས་གཉིས་མཐུད་ནས་ཚོགས་ཐེངས་འཚོགས་པ། སྐར་མ་འགའ་ལས་དོ་སྣང་འཇོག་མ་ཐུབ་པའི་སློབ་ཕྲུག་གི་སེམས་པ་དེ་རྒྱུན་འཁྱོངས་ནས་སྟངས་འཛིན་ཐུབ་པ་ནི་རྨི་ལམ་གྱི་སྐད་ཆ་རང་ལས་མ་འདས། དེར་བརྟེན། དགེ་རྒན་ཚོས་འཛིན་གྲྭ་སྟངས་འཛིན་ལེགས་པོ་ཡོང་ཆེད་རྒྱུན་དུ་སློབ་ཕྲུག་གི་སྤྲོ་སྣང་དང་འབྲེལ་བའི་གཏམ་གླེང་དང་། དོ་སྣང་འདྲེན་པའི་དོན་གནད། རིན་ཐང་དང་གཙིགས་ཆེར་འཛིན་བའི་དངོས་པོ་རྣམས་ཤེས་ཏེ་ཅི་ཐུབ་བློས་བསྐྱེལ་ཐུབ་པའི་གྲོགས་པོ་ཞིག་ཏུ་འགྱུར་ཐབས་བྱེད་དགོས་འདུག དེ་ལྟར་བྱུང་ན་འཛིན་གྲྭའི་ནང་སློབ་ཕྲུག་གིས་ཡར་ལན་སྤྲོད་ཕྱོགས་ལ་ཏན་ཏན་ཁྱད་པར་བཟོ་ཐུབ། འབྲེལ་ལམ་བཟང་པོ་བྱུང་ན་འཛིན་གྲྭའི་སྟངས་འཛིན་གྱིས་བཀོད་པ་ཚ་ནན་གཏོང་མི་དགོས་པ་སྤྲོ་སྣང་གིས་འཇུག་ཐུབ་ཅིང་། སུ་གང་ལ་ལབ་མ་ནུས་པའི་གནད་དོན་རྣམས་ཁྱེད་ལ་ཞུས་ནས་མི་ཚེའི་ལམ་ཆེན་གྱི་འགག་རྡོ་སངས་ཐུབ་པའི་དགེ་མཚན་ཡོད། དཔེར་ན། འགུལ་རིས་ནང་གི་མི་སྣའི་ཁ་བརྡ་བྱེད་སྟངས་དང་ལུས་ཀྱི་ཚུགས་ཀ་རྣམས་ལད་ཟློས་དང་ལབ་གླེང་བྱས་ཏེ་སློབ་ཚན་འཁྲིད་པ་ནི་མཇུག་པོ་དང་བློར་ངེས་པའི་ཕན་རླབས་ལྡན།      ཡང་འཛིན་གྲྭའི་ནང་སློབ་ཚན་འཁྲིད་འགོ་བརྩམས་པའི་སྐབས་སློབ་ཕྲུག་བྱིངས་ནས་སྐད་ཅོར་དང་གླེང་མོལ་འདྲ་མིན་བྱེད་ཀྱི་འདུག་ན། དགེ་རྒན་སྒེར་གྱི་ངོས་ནས་སློབ་ཕྲུག་ལས་སྐད་མཐོ་ཙམ་རྒྱབ་ནས་སློབ་ཚན་འཁྲིད་འགོ་རྩོམ་གྱི་ཡོད། ཡང་དགེ་རྒན་མང་པོས་ལམ་སེང་ཞལ་ཁ་བཞུགས་ཨ་ཞེས་གསུངས་ནས་སློབ་ཚན་འཁྲིད་གནང་གི་ཡོད། དེ་སྔ་ང་ཚོའི་དགེ་རྒན་ཚོས་དབྱུག་པ་བཏོན་ཏེ་སློབ་ཚན་འཁྲིད་འགོ་འཛུགས་ཀྱི་ཡོད། འཛིན་གྲྭ་སྟངས་འཛིན་གང་རན་མིན་དེ་ང་མི་གཅིག་གིས་ཁ་ཚོན་བཅད་ནས་ཞུས་དཀའ་ཡང་ངས་སློབ་ཚན་འཁྲིད་པའི་སྐབས་ཐོག་མ་ནམ་རྒྱུན་ལས་ཅུང་དམའ་བའི་ངང་སློབ་ཚན་འཁྲིད་ཀྱི་ཡོད། དེ་སློབ་གཉེར་བའི་སྐད་ཅོར་ཉུང་དུ་གཏོང་བའི་ཐབས་ལམ་བཟང་ཤོས་ཡིན་མིན་མི་ཤེས། ངས་བཤད་པའི་སྐད་ཆ་དེ་དམའ་དྲགས་པས་སློབ་ཕྲུག་ཕན་ཚུན་ལབ་གླེང་མཚམས་བཞག་པ་དེ་འདྲ་ཡང་ཡང་ཡོང་གི་འདུག འོན་ཀྱང་སྤྱིར་བཏང་གི་གསུང་བཤད་གནང་མཁན་དང་དགེ་རྒན་སུ་ཡིན་རུང་སྐད་དམའ་པོ་ཡུན་རིང་དྲགས་ན་དོ་སྣང་སྤྲོད་མཁན་ནས་རང་བཞིན་ཉན་འདོད་མེད་པ་ལྟ་བུ་འགྱུར་གྱི་འདུག་པས་གསུང་སྐད་མཐོ་པོ་དང་འགྱུར་ཁུག་འདྲ་མིན་བེད་སྤྱོད་ཐུབ་ན་འཛིན་གྲྭའི་སྟངས་འཛིན་གྱི་འཆར་གཞིར་རམས་འདེགས་ཕུན་སུམ་ཚོགས་པ་འབྱུང་ངེས།      འཛིན་གྲྭའི་སྟངས་འཛིན་ལེགས་པོ་འབྱུང་སླད་དགེ་རྒན་ངོས་ནས་ཡིག་རྒྱུགས་གཏོང་གི་ཡིན་སོགས་ཁ་ཆད་བྱེད་པའི་ལས་དོན་རྣམས་དུས་ཐོག་གནང་རྒྱུ་དེ་རེད། གལ་སྲིད་དགེ་རྒན་ཞིག་གིས་ནང་ལས་བསྐུལ་པ་ཡིན་ན། ཕྱི་ཉིན་རྟོག་ཞིབ་གནང་རྒྱུ་དེ་མ་བསྙེལ་བ་གནང་དགོས། སྟབས་མ་ལེགས་པ་དགེ་རྒན་གྱིས་བརྗེད་པ་དང་དུས་ཚོད་མ་ལྡང་བ་འདྲ་བྱུང་ཚེ། སླད་ཕྱིན་ནང་ལས་སམ་འཛིན་ལས་གནང་མཁན་གྱི་གྲངས་ཚད་ཇེ་ཉུང་དུ་འགྲོ་བའི་ཉེན་ཁ་འདུག […]

འཛིན་གྲྭ་སྟངས་འཛིན་བྱེད་ཚུལ

འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་འགའ།

བཀྲ་ཤིས་ཚེ་རིང་།བོད་དགེ། སེ་ལ་ཀུའི་བོད་ཁྱིམ།       རིག་པའི་གནས་ལ་སྦྱངས་ཡུན་རིང་བའི་ཕྲན་ལ་མཚོན་ན། བོད་ནང་དུ་གཞི་རིམ་གྱི་ཤེས་ཡོན་སློབ་གསོ་དང་། ཕྱིས་སུ་བཙན་བྱོལ་ལ་འབྱོར་ནས་གཞི་རིམ་གོང་འོག་གི་ཤེས་ཡོན་གྱི་སློབ་གསོའི་གནས་ཆ་ཚང་སྦྱངས་ནས་མཐར་སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༨ པའི་ཚེས་ ༢༨ ཉིན་ལ་མཐོ་རིམ་ཤེས་ཡོན་གྱི་རིམ་པ་ཡོངས་སུ་བསྒྲུབས་ཟིན་ནས་མ་སྐུལ་དང་བླངས་ཀྱི་དགོན་སྡེ་ཁག་མི་འདྲ་བ་འགའ་ཤས་སུ་དགེ་རྒན་གྱི་བྱ་བར་ཞུགས་པའི་མྱོང་ཚོར་དང་། ཁྱད་པར་དུ་སྤྱི་ལོ་ ༢༠༢༢ ལོའི་ཟླ་ ༩ པའི་ཚེས་ ༡༤ ཉིན་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་གི་ཁྱབ་ཁོངས་སུ་སེ་ལ་ཀུའི་བོད་ཁྱིམ་དུ་བོད་ཡིག་དགེ་རྒན་གྱི་ལས་དོན་ལ་ཞུགས་ནས་ཉེ་བའི་ལོ་གཉིས་ཀྱི་ནང་དུ་ཉམས་མྱོང་སོགས་དང་འབྲེལ་ནས་དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་ལ་ལ་ཞིག་གསེར་བཀྲོལ་བྱེད་ན་འདོད།སྤྱིར་དགེ་རྒན་སོ་སོར་འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་ལ་འཆད་ཉན་བྱེད་ཚུལ་མི་འདྲ་བ་དུ་མ་ཡོད་ཆོག་སྟེ། དཔེར་ན་སློབ་ཕྲུག་ཚོར་མཚོན་ན་ཁྱིམ་ཚང་གི་སློབ་གསོ་དང་། སྤྱི་ཚོགས་ཀྱི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ་སོགས་སློབ་གསོའི་ལས་རིམ་དུ་མའི་བརྒྱུད་ནས་འཚར་ལོངས་བྱེད་སྟངས་དང་ཤེས་ཡོན་གྱི་གནས་ཚད་སོགས་འདྲ་མིན་སྣ་ཚོགས་ཡོད་པའི་ཁྲོད་ནས། ཕྲན་གྱི་ཉམས་མྱོང་གཞིར་བཅོལ་ན་འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་གཙོ་བོའམ་ལེགས་གྲས་དྲུག་སྟེ། ༡)  ཐབས་ལམ་དང་པོ་དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པ་ལ་ཤེས་ཚད་བྱང་ཆུབ་པ་དགོས་འདུག ༢)  ཐབས་ལམ་གཉིས་པ་དགེ་རྒན་རང་ཉིད་ཀྱི་ཉིན་རེའི་སློབ་ཚན་ལ་གྲ་སྒྲིག་ཨང་གསར་དགོས་པ། ༣)  ཐབས་ལམ་གསུམ་པ་འཛིན་གྲྭའི་དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔར་འཆར་འགོད་དཔྱིད་ཕྱིན་པར་གནང་དགོས། ༤)  ཐབས་ལམ་བཞི་པ་སློབ་ཁྲིད་སྐབས་འཛིན་གྲྭའི་ཟུར་མཐའ་ཡོངས་ལ་སྐོར་ཐེངས་གཉིས་རེས་གཟིགས་ཞིབ་གནང་དགོས། ༥)  ཐབས་ལམ་ལྔ་པ་སློབ་མའི་ཤེས་ཚད་དང་དོ་དབྱིངས་ལ་གཤིབ་པའི་སྡོད་གནས་འགོད་སྒྲིག། ༦)ཐབས་ལམ་དྲུག་པ་དགེ་སློབ་དབར་གྱི་མཛའ་བརྩེའི་འདུ་ཤེས་སྐྲུན་ཐབས། འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་གྱི་ཐབས་ལམ་ལེགས་གྲས་ཁག་འགའ།       དང་པོ། དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པ་ལ་ཤེས་ཚད་བྱང་ཆུབ་པ་དགོས་པའི་སྐོར།       སྤྱིར་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་མྱུར་པོ་འགྲོ་མིན་ནི་ཤེས་ཡོན་གྱི་སྡེ་ལ་རག་ལས་ཤིང་། ཤེས་ཡོན་གྱི་བྱང་ཚད་གང་འདྲ་ཞིག་ཏུ་སོན་མིན་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཀོད་པ་ལ་རག་ལས་པས། དགེ་རྒན་ནི་འགྲོ་བ་མིའི་རིགས་ལ་ཤེས་རིག་གི་སྒྲོན་མེ་ལྟ་བུ་དང་རླབས་ཆེན་གྱི་བསམ་བློའི་བཟོ་བཀོད་ཀྱི་མཛད་པ་པོ་ཞིག་ཡིན་ལ། དགེ་རྒན་གྱི་བྱ་བ་ནི་དཀའ་ཁག་ཆེ་ཤིང་གཟི་བརྗིད་འོད་སྟོང་ལྡན་པའི་བྱ་བ་ཞིག་ཡིན་པ་སྨོས་ཅི་ལ་དགོས། ཁྱད་པར་དུ་དགེ་རྒན་རང་ཉིད་ཀྱི་རིག་ཚན་བྱེ་བྲག་པའི་སློབ་གཞིའི་ཐོག་ལ་ཤེས་ཚད་བྱང་ཆུབ་པ་ཞིག་དགོས་ཀྱི་འདུག་པས། རྒྱུ་མཚན་ནི་དགེ་རྒན་རང་ཉིད་ཀྱིས་སློབ་ཚན་འཁྲིད་སྐབས་སུ་གདེང་སྤོབས་ཀྱི་ཐོག་ནས་སློབ་ཁྲིད་ལ་གཞུག་ཐུབ་པ་དང་། ལྷག་པར་དུ་སློབ་ཕྲུག་ཚོར་བསམ་བློ་གསར་བའི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་བསྐྲུན་ཐུབ་པ་མ་ཟད་སློབ་ཕྲུག་དག་ཀྱང་དགེ་རྒན་ལ་དགའ་ཞེན་དང་བརྩི་མཐོང་སོགས་མངོན་ཡོང།      དེ་བཞིན་དགེ་རྒན་རང་ཉིད་ཀྱིས་རིག་ཚན་ལ་དགའ་ཞེན་གྱི་འདོད་པ་སྐྱེད་སྲིང་དུས་ནས་དུས་སུ་བྱས་ནས་སློབ་ཕྲུག་རྣམས་ལ་མིག་དཔེ་བཟང་པོ་ཞིག་བསྐྲུན་པའི་ཐོག་ནས་སློབ་ཚན་ལ་དགའ་ཞེན་དང་སྤྲོ་སྣང་ཞིག་གི་རྣམ་པར་བསྒྱུར་ཐུབ་དགོས། དེ་དག་མེད་ཚེ་འཛིན་གྲྭའི་ནང་དུ་སྐྱོད་སྐབས་སུ་སློབ་ཚན་འཁྲིད་པའི་གདེང་སྤོབས་མེད་ཅིང། སློབ་ཕྲུག་དག་གི་དོགས་འདྲི་སོགས་ལ་ལན་འདེབས་དང་། གསལ་བཤད། དཔྱད་བརྗོད་སོགས་གང་ལ་ཡང་འགྲེལ་བརྗོད་མི་ཐུབ་པས། འཛིན་གྲྭ་སྟངས་འཛིན་བྱེད་ཚུལ་ཕར་ཙམ་ཡིན་ཞིང་། སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་ལ་ཡིད་ཆེས་བརླག་པ་སོགས་མངོན་སུམ་གྱི་མིག་ལམ་དུ་མཐོང་རྒྱུ་ཡོད་ལ། དེ་དག་གི་འབྱུང་རྐྱེན་གཙོ་བོ་དོ་བདག་དགེ་རྒན་རང་ཉིད་ཡིན་ཀྱང་འཛིན་སྐྱོང་དང་ཤེས་ཡོན་འགན་ཁུར་ཚན་པས་དགེ་རྒན་གྱི་ཤེས་ཚད་མཐོར་འདེགས་བྱ་རྒྱུ་སོགས་ལ་ཁྱད་པར་དམིགས་བསལ་གྱིས་འགན་འཕར་མ་ཞིག་བཞེས་དགོས་ཤིང། དེ་མཚུངས་དགེ་རྒན་རང་ཉིད་ཀྱིས་ཀྱང་དུས་ནས་དུས་སུ་ཤེས་ཡོན་གྱི་ཁ་ཕྱོགས་གསར་པ་ཞིག་ལ་བསྐྱོད་འདོད་པའི་ཕུགས་བསམ་ཡང་དག་ཅིག་དགོས་པ་དང་། དེ་དག་བྱུང་ན་དགེ་རྒན་གྱི་ཤེས་ཡོན་ལེགས་པོ་འབྱུང་ཞིང་འཛིན་གྲྭ་སྟངས་འཛིན་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ཚེགས་མེད་པར་མངོན་སུམ་བརྗོད་མེད་རེད་འདུག       གཉིས་པ། དགེ་རྒན་རང་ཉིད་ཀྱི་ཉིན་རེའི་སློབ་ཚན་ལ་གྲ་སྒྲིག་ཨང་གསར་དགོས་པ།       དགེ་རྒན་རང་ཉིད་ཀྱིས་ཉིན་རེའི་སློབ་ཚན་བྱེ་བྲག་པའི་བརྗོད་གཞི་དང་འབྲེལ་བའི་སྔོན་བྱོན་མཁས་དབང་རྣམ་པས་ལྗགས་རྩོམ་གནང་བའི་བསྟན་བཅོས་ཁག་དང་། ཉེ་རབས་ཀྱི་མཁས་དབང་ཁག་གི་གསུང་བཤད་དང་། དྲ་རྒྱའི་ནང་དུ་འཆད་བརྙན་སོགས་ལ་ནན་ཏན་གྱིས་བསྐྱར་ཞིབ་གནང་ནས་འཆད་ཁྲིད་ཀྱི་བརྗོད་གཞི་ལ་གདེང་སྤོབས་ལྡང་ངེས་ཤིང་། སློབ་མའི་ཤེས་ཚད་དང་མཉམ་པའི་བརྗོད་པ་གཙང་བ་དང་ཚིག་སྦྱོར་བདེ་ཞིང་། བརྗོད་མཚམས་འབྲེལ་ཆགས་ལ་གོ་སླ་ཞིང་། རང་ཉིད་ཀྱིས་མྱོང་བ་གཙོར་འདོན་བྱས་ནས་སློབ་ཁྲིད་གནང་སྐབས་སུ་འཛིན་གྲྭའི་ནང་ཁ་ཁུ་སིམ་པོའི་ངང་སློབ་གཉེར་བ་རྣམ་པས་སློབ་ཁྲིད་ལ་སྤྲོ་བ་འཕེལ་ཞིང་ཉོབ་སྣང་དང། […]