འཕྲིན་ལས་ལྷ་མོ།
བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། གཞི་བར་བོད་དགེ།
སྔོན་གླེང་།
སྤྱིར་འཛིན་གྲྭའམ་འཛིན་ཁང་ནི། མ་རིག་པའི་མུན་པ་སེལ་བའི་གནས་རྩ་ཆེ་ཤོས་ཤིག་ཡིན་ཞིང་། འཛམ་གླིང་འདི་ཡི་སྟེང་གི་སྐྱེས་བུ་རླབས་ཆེན་སུ་འདྲ་ཞིག་ཡིན་རུང་འཛིན་ཁང་ཞིག་བརྒྱུད་ནས་དགེ་རྒན་མ་བསྟེན་པ་ཞིག་ཧ་ལམ་མེད་ལ། མི་ཞིག་གི་རིག་རྩལ་ཡོངས་སུ་རྫོགས་ས་དང་རྣམ་དཔྱོད་ཀྱི་བློ་མིག་འབྱེད་ས་ཡང་ཡིན། བྱས་ཙང་དགེ་རྒན་ཞིག་ལ་མཚོན་ན་འཛིན་གྲྭ་སྟངས་འཛིན་ཡང་དག་པ་བྱ་ཐུབ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། འོན་ཀྱང་དགེ་རྒན་ཞིག་ལ་རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་ཐོག་ཤེས་ཚད་ལྡང་ངེས་ཤིག་ཡོད་ནའང་འཛིན་གྲྭ་སྟངས་འཛིན་ལེགས་པར་བྱ་ཐུབ་པའི་ངེས་པ་མེད། གང་ཡིན་ཟེར་ན། དགེ་རྒན་མི་གཅིག་གིས་སྟངས་འཛིན་བྱ་ཡུལ་གྱི་ཕྲུ་གུ་ཚོའི་སྡོད་སའི་སྤྱི་ཚོགས་དང་། འཚར་ལོངས་བྱུང་སའི་ཁོར་ཡུག སྤྱི་ཚོགས་ཀྱི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ་བཅས་ཆ་ཚང་ལ་ཁྱད་པར་ཡོད་པས། སློབ་མའི་སྒོ་གསུམ་ཡོད་ཚད་ལ་སྟངས་འཛིན་བྱས་ནས་སློབ་མ་ཡོད་ཚད་ཡང་དག་པའི་ཤེས་སྤྱོད་གཉིས་ལྡན་ཞིག་བསྐྲུན་པར་བྱ་བ་ནི་ཧ་ཅང་གི་གནད་འགག་ཆེ་ལ་ཧ་ཅང་གི་བྱ་དཀའ་བའི་ལས་ཀ་ཞིག་ཀྱང་ཡིན།
དེར་བརྟེན་ངའི་བློ་ངོར་མཚོན་ན་དགེ་རྒན་ཞིག་ལ་མཚོན་ན་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཡག་པོ་ཡོང་བ་ལ་ལོ་མང་གི་སློབ་ཁྲིད་ཀྱི་ཉམས་མྱོང་དགོས་འདུག་སྙམ། རང་ཉིད་ལ་མཚོན་ན་དགེ་རྒན་གསར་བུ་བ་ཞིག་ཡིན་པའི་ཆ་ནས་འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་ཆེད་སློབ་གཉེར་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་མཐོང་གི་འདུག དེར་བརྟེན། ད་རེས་རྩོམ་ཡིག་འདི་འབྲི་བའི་གོ་སྐབས་དང་སྦྲགས། དགེ་བའི་བཤེས་གཉེན་རྒན་གྲས་རྣམས་ལ་ལམ་སྟོན་ཞུ་བ་དང་དྲ་རྒྱའི་ཐོག་ནས་སློབ་གཉེར་བྱས་ནས་བརྗོད་གཞི་འདི་ཡི་ཐོག་དོན་ཚན་འགའ་ཡི་ཐོག་རང་ནུས་ཅི་ལྕོགས་ཀྱིས་ཙུང་ཙམ་སྤྲོ་བ་ལགས།
དང་པོ། འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཞེས་པ་དེར་ངོས་འཛིན་བྱེད་ཚུལ།
འཛིན་གྲྭ་སྟངས་འཛིན་ཞེས་པ་ནི། དགེ་རྒན་ཞིག་གིས་བཙན་ཐབས་དང་དྲག་པོའི་སྒོ་ནས་འཛིན་ཁང་ནང་སློབ་མ་ཡོད་ཀྱང་ཁུ་སིམ་པོར་སྡོད་བཅུག་པ་དེ་འདྲ་མ་ཡིན། གང་ཡིན་ཟེར་ན་སློབ་མ་ཁུ་སིམ་པོར་སྡོད་པ་དེས་སློབ་མའི་བཤད་རྩལ་དང་ཉན་རྩལ་ཡར་རྒྱས་ནམ་ཡང་མི་འགྲོ་ཞིང་། དགེ་སློབ་ཕན་ཚུན་སློབ་ཚན་དང་འབྲེལ་བའི་གནད་དོན་གང་ལ་ཡང་བགྲོ་གླེང་བྱེད་པའི་གོ་སྐབས་དབེན་པ་དང་། མ་ཤེས་པ་དག་ཁ་གསལ་བཟོ་སླད་དྲི་བ་འདྲི་མི་ནུས་པ་ལ་སོགས་པའི་སྐྱོན་ཆ་མང་དག་ཞིག་མཆིས།
དེ་ལས་ལྡོག་སྟེ་དགེ་རྒན་ཞིག་གིས་སློབ་ཚན་འཆར་འགོད་ཡང་དག་པའི་སློབ་ཁྲིད་ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་མ་ཚོས་སོ་སོའི་ཤེས་རབ་འགུལ་བ་དང་། གནད་དོན་ལ་བསམ་གཞིགས་གཏོང་བ། རིགས་འདེད་བྱེད་པ། བརྡར་ཤ་གཅོད་པ། དོགས་པ་དང་དཀའ་གནད་སློབ་མ་ཕན་ཚུན་གྲོས་སྡུར་རམ་དགེ་རྒན་ལ་དྲི་བ་སྐུལ་བ་བཅས་འཁྲིད་བྱའི་སློབ་ཚན་དང་འབྲེལ་བའི་བྱེད་སྒོ་ཁག་ལ་དགའ་ཞིང་སྤྲོ་བའི་སྒོ་ནས་ཞུགས་ནས་འཛིན་ཁང་ནང་དགེ་སློབ་གཉིས་ཀ་ཚ་ཚ་འུར་འུར་ངང་ཤེས་སྤྱོད་གཉིས་ཀ་ཡར་རྒྱས་འགྲོ་ཐབས་ལ་འབད་པ་དེ་འདྲ་ཞིག་ལ་གོ་ན་མི་འགྲིག་པ་མེད་སྙམ།
གཉིས་པ། འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བའི་འགོག་རྐྱེན་ངོས་འཛིན།
གནས་སྔ་མོའི་དུས་སུ་ནང་ཆོས་ནས་གསུངས་པ་ལྟར་ན། སློབ་འཁྲིད་བྱེད་མཁན་དགེ་རྒན་འདི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་བཅུ་དང་ལྡན་པ་ཞིག་དང་། སློབ་མ་ནི་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་ཚུལ་གསུང་གི་ཡོད། འོན་ཀྱང་དེང་གི་ཆར་འཛིན་ཁང་ནང་སློབ་མ་སྣོད་ལྡན་ཡིན་རུང་མིན་རུང་སློབ་མ་ཡོད་དོ་ཅོག་འཛིན་ཁང་གཅིག་གི་ནང་སློབ་གཉེར་བྱེད་ཀྱི་ཡོད། སློབ་མ་ཕལ་མོ་ཆེས་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་སློབ་ཕྲུག་ནང་ཕན་ཚུན་སྐད་ཆ་བཤད་ནས་སློབ་ཕྲུག་དོ་སྣང་ཅན་དག་ལ་གནོད་སྐྱེལ་བ་དང་། དགེ་རྒན་གྱིས་འཁྲིད་བྱའི་སློབ་ཚན་ལ་དབྱིངས་རྩ་བ་ནས་མེད་པ། ཡང་སློབ་ཕྲུག་ལ་ལ་ནི་དགེ་རྒན་གྱི་སློབ་ཁྲིད་བྱེད་དུས་གཉིད་ཡུར་ནས་བསྡད་དེ་ཅི་ཡང་དོ་སྣང་མེད་པ་དང་། སློབ་མ་འགའ་རེས་ག་དུས་ཡིན་ནའང་འཛིན་གྲྭའི་བྱེད་སྒོ་ཁག་དང་ནང་སྦྱོང་དང་ལས་འཆར་གང་འདྲ་ཞིག་ལ་མཉམ་ཞུགས་མ་བྱས་པར་གཡོལ་གང་ཐུབ་བྱེད་ཀྱི་ཡོད།
ཆེས་དཀའ་ངལ་ཆེ་ཤོས་ཞིག་ནི་སློབ་མ་ལ་ལས་དགེ་རྒན་ལ་ཁ་ལན་སློག་པ་དང་། དགེ་རྒན་ལ་དགེ་རྒན་གྱི་འདུ་ཤེས་མེད་པར་རང་སྣང་གང་དྲན་བྱེད་པར་མ་ཟད། སློབ་ཕྲུག་ནང་ཕན་ཚུན་ལ་འཆམ་མཐུན་རྩ་བ་ནས་བྱེད་ཀྱི་མེད། དེར་བརྟེན། དགེ་རྒན་ཞིག་གིས་འཛིན་གྲྭ་སྟངས་འཛིན་ཡང་དག་པ་ཞིག་མི་ཡོང་བའི་འགོག་རྐྱེན་དེ་དག་ངོས་བཟུང་བའི་ཐོག རང་རང་གི་རྣམ་དཔྱོད་ཀྱི་རྩལ་གྱིས་ཡང་དག་པའི་འཛིན་གྲྭ་སྟངས་འཛིན་བྱེད་ཐབས་ལ་བརྟེན་ནས་དཀའ་ངལ་དག་སེལ་ཐབས་བྱ་བ་ལགས།
གསུམ་པ། འཛིན་གྲྭ་སྟངས་འཛིན་ལེགས་པར་བྱེད་དགོས་པའི་དགོས་དམིགས།
འཛིན་གྲྭ་ནི་སློབ་མ་ཞིག་ལ་མཚོན་ན། མི་ཚེའི་ནང་དུས་ཚོད་མང་ཤོས་གཏོང་སའི་ཁང་མིག་ཅིག་ཡིན། ཁང་མིག་འདི་ནི་ཆེས་རིན་ཐང་ཆེ་ཤོས་ཞིག་ཡིན་པ་ཤེས་དགོས་ལ། དགེ་སློབ་གཉིས་ཀྱིས་ཡང་དག་པའི་སྟངས་འཛིན་འོག་སློབ་གཉེར་ལ་བརྟེན་ནས་ཡིག་རྨོངས་སེལ་བ་དང་། ཤེས་བྱའི་གནས་མང་པོར་བློ་གྲོས་རྒྱས་ས་ཞིག་ཀྱང་ཡིན། དགེ་རྒན་གྱིས་སློབ་མའི་ཁམས་དང་མོས་པ་སོགས་འཚམ་པའི་བསམ་བློའི་སློབ་གསོ་ལ་བརྟེན་ནས། སློབ་མའི་མི་གཤིས་ཀུན་སྤྱོད་བཟང་ཕྱོགས་ལ་འགྱུར་བ་རླབས་ཆེན་གཏོང་ཐུབ་པ་དང་། གཞན་ཡང་དགེ་རྒན་གྱིས་སྟངས་འཛིན་འོག་སློབ་ཁྲིད་དང་འབྲེལ་བའི་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ནས། སློབ་མས་མི་དང་མིའི་དབར་གྱི་འབྲེལ་ལམ་བྱེད་སྟངས་ཤེས་པ་མ་ཟད། མི་གཞན་གྱི་དཀའ་ངལ་ལ་བསམ་ཤེས་དང་དཀའ་ངལ་ལ་གདོང་ལེན་བྱེད་སྟངས་ལ་སོགས་པའི་གོམས་གཤིས་བཟང་པོ་འཇོག་ས་ཞིག་ཡིན།
རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་ཡང་དག་པའི་འཛིན་གྲྭ་སྟངས་འཛིན་བྱ་རྒྱུ་ནི་ཧ་ཅང་གི་དགོས་དམིགས་ཆེན་པོ་ཡོད། གལ་ཏེ་འཛིན་གྲྭ་སྟངས་འཛིན་ཡག་པོ་ཞིག་མ་བྱུང་བ་དང་། སློབ་མ་ལེགས་པར་གཅུན་མ་ཐུབ་པའམ་ལེགས་ལམ་དུ་སྣེ་ཁྲིད་བྱེད་མ་ཐུབ་ཚེ། ལོ་དང་ཟླ་བ་རང་སྣང་གང་དྲན་གྱུར་ནས། དང་པོ་སློབ་གཉེར་ལ་དོ་དབྱིངས་མེད་པར་གྱུར་པ་དང་། དེ་ནས་རིམ་བཞིན་བྱ་བ་གང་ལའང་འཇུག་པའི་སྤྲོ་བ་མེད་པར་གྱུར་ནས་ཤེས་སྤྱོད་གཉིས་ཀར་ཡར་རྒྱས་རྩ་བ་ནས་མ་ཕྱིན་པའི་དབང་གིས། མ་འོངས་པར་རང་གཞན་གཉིས་ཀར་ཕན་མེད་ཀྱི་ཟོག་རོ་ཞིག་གྱུར་ཞིང། ཐ་ན་རང་ཙམ་མ་ཡིན་པར་སྤྱི་ཚོགས་ལ་དཀའ་ངལ་བཟོ་མཁན་ཞིག་ཏུ་གྱུར་པའི་གཞི་མ་ཡང་སློབ་གཉེར་བྱེད་དུས་དགེ་རྒན་གྱིས་སྟངས་འཛིན་ལེགས་པར་བྱེད་མ་ཐུབ་པའམ། སློབ་མ་སྣེ་ཁྲིད་ཡག་པོ་མ་བྱུང་བའི་འབྲས་བུ་ཡིན་ལ། སློབ་མ་རང་ངོས་ནས་འཛིན་གྲྭ་སྟངས་འཛིན་གྱི་ར་བ་ལས་བརྒལ་བའི་བྱ་སྤྱོད་དག་གིས་ཉེར་ལེན་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཞིག་ཡིན་པ་སྨྲོས་མ་དགོས།
བཞི་པ། འཛིན་གྲྭ་སྟངས་འཛིན་བྱ་ཐབས་སྐོར་ལ་ཅུང་ཙམ་གླེང་བ།
འཛིན་གྲྭ་སྟངས་འཛིན་བྱ་ཡུལ་གྱི་སློབ་མ་ཚོའི་སྡོད་སའི་སྤྱི་ཚོགས་དང། འཚར་ལོངས་བྱུང་སའི་ཁོར་ཡུག སྤྱི་ཚོགས་ཀྱི་སློབ་གསོ་དང། ཁྱིམ་ཚང་གི་སློབ་གསོ་བཅས་ཆ་ཚང་ལ་ཁྱད་པར་ཡོད་པས་སློབ་མའི་སློབ་སྦྱོང་གི་གནས་ཚད་མི་འདྲ་བ་དང་། བསམ་བློའི་ཀུན་སྤྱོད་དང་ཤེས་རབ་རབ་འབྲིང་ཐ་གསུམ་ལ་སོགས་མི་འདྲ་བ་སྣ་ཚོགས་ཡོད་པའི་སྤྱི་ཚོགས་ཆུང་ཆུང་ཞིག་སྟངས་འཛིན་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ནས་ཡིན། འོན་ཀྱང་སློབ་མ་ཞིག་ཡིན་ཕྱིན་ཆད་ལ་ཐུན་མོང་གི་འཛིན་གྲྭ་སྟངས་འཛིན་བྱ་བ་ལ་དཀའ་ངལ་ལམ་འགོག་རྐྱེན་འགའ་ཡོད་པ་དེ་དག་གི་སྐོར་ལ་ཉམས་མྱོང་གིས་ཕྱུག་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཐབས་ལམ་དང་། རང་ཉིད་ཀྱི་ཉམས་མྱོང་ཏིལ་འབྲུ་ཙམ་ཟུང་དུ་འབྲེལ་ནས་ཞུ་བ་བྱ་བ་ལགས།
༡། སློབ་མས་འཛིན་ཁང་ནང་སྐད་ཅོར་རྒྱག་སྐབས་སྟངས་འཛིན་བྱ་ཚུལ།
སློབ་མ་ཚོས་དགེ་རྒན་འཛིན་གྲྭའི་ནང་སླེབས་ནའང་ད་དུང་སྐད་ཅོར་བརྒྱབ་ནས་ཁུ་སིམ་པོར་རང་རང་གི་གནས་ལ་སྡོད་རྩིས་མེད་ལ། དགེ་རྒན་འཛིན་གྲྭའི་ནང་སླེབས་པའི་ཚོར་བ་མེད་མཁན་མང་པོ་ཡོད། ལྷག་པར་དེ་རིང་དགེ་རྒན་དེ་ཡི་དྲུང་ནས་ཤེས་བྱ་གསར་པ་ཞིག་ཤེས་འདོད་ཀྱི་རྣམ་འགྱུར་ཧ་ལམ་མེད། དེ་འདྲའི་དུས་སུ་དགེ་རྒན་གྱིས་སློབ་མ་ཚོར་ཁ་ཁུ་སིམ་པོར་སྡོད་པའི་སྐུལ་མ་ག་ཚོད་བྱས་ཀྱང་ཉན་འཇོག་བྱེད་མཁན་ཡང་ཧ་ལམ་མེད། དེ་ལས་ལྡོག་སྟེ་དགེ་རྒན་གྱིས་སློབ་མ་ཚོར་རྐུབ་སྟེགས་སྟེང་སྡོད་དུ་བཅུག་ནས། ནང་ཆོས་ནས་གསུངས་པའི་དབུགས་གཏོང་ལེན་ནམ། སཱི་ཤེས་ཡོན་ལྟར་ན་བརྟན་ཚུགས་ཉམས་ལེན་སྐར་མ་ལྔ་ཙམ་བྱེད་དུ་བཅུག་པ་ཡིན་ན། སློབ་མ་ཚོའི་སྐད་ཅོར་རྒྱག་པའི་སྤྱོད་ངན་དེ་ལམ་སེང་འགྱུར་བ་ཐེབས་དཀའ་ནའང་རིམ་བཞིན་འགྱུར་བ་ཆེན་པོ་ཡོང་བ་མངོན་སུམ་ཡིན། བརྟན་ཚུགས་ཉམས་ལེན་ལ་བརྟེན་ནས་སློབ་མ་ཚོའི་སེམས་རྣམ་གཡེང་དུ་མ་སོང་བར་རྣལ་དུ་གནས་པ་ལའང་ཕན་རླབས་ཆེན་པོ་ཡོད། སེམས་རྣལ་དུ་གནས་ཚེ་སློབ་ཁྲིད་ཀྱི་ཉན་རྩལ་ཡར་རྒྱས་སུ་ཕྱིན་ནས་སློབ་ཁྲིད་ཚགས་ཚུགས་ཡོང་བར་ཕན་ཐོགས་ཡོད།
གཞན་ཡང་སློབ་མ་ཚོས་དགེ་རྒན་གྱིས་སློབ་ཁྲིད་དང་པོ་བྱེད་དུས་ཁུ་སིམ་པོར་སྡོད་ཐུབ་ཀྱང་། རིམ་བཞིན་དུས་ཚོད་གང་འཚམ་ཕྱིན་རྗེས་སླར་ཡང་འཛིན་ཁང་ནང་དོན་མེད་སྐད་ཅོར་རྒྱག་འགོ་ཚུགས་ཀྱི་ཡོད། དེ་ནི་སློབ་མ་ཚོ་དཀའ་ལས་ཁག་པའམ་སྦྱང་བྱའི་སློབ་ཚན་ལ་དབྱིངས་མ་སླེབས་པའམ། ཡང་ན་མགོ་མ་འཚོས་པའི་རྐྱེན་གྱིས་ཡིན་ཤས་ཆེ་བས། དུས་དེར་དགེ་རྒན་གྱིས་མུ་མཐུད་ཨུ་ཚུགས་བརྒྱབ་ནས་སློབ་ཁྲིད་བྱེད་པ་ལས། སློབ་མའི་ཁམས་དང་མོས་པ་ལ་བསྟུན་ནས་སྒྲུང་ཤོད་པ་དང་། བྱེད་སྒོ་འདྲ་མིན་གོ་སྒྲིག་བྱས་ནས་ཕྱོགས་གཞན་ཞིག་ནས་སློབ་མའི་ཤེས་ཚད་གོང་མཐོར་གཏོང་ཐབས་བྱས་ན། དེས་དགེ་སློབ་གཉིས་ཀའི་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་འཕྲོ་བརླག་མི་འགྲོ་བ་དང་། འཛིན་གྲྭ་དེ་ཚགས་ཚུད་པོ་ཡོང་བའི་དགེ་མཚན་ཆེན་པོ་ཡོད།
༢། སློབ་མས་འཛིན་ཁང་ནང་ལས་ཀ་དུས་ཐོག་མི་བྱེད་དུས་སྟངས་འཛིན་བྱེད་སྟངས།
སློབ་མ་རེ་ཟུང་གིས་དགེ་རྒན་གྱིས་སློབ་ཁྲིད་བྱེད་འགོ་བཙུགས་ནའང་ད་དུང་དཔེ་ཁུག་གཞི་ནས་ཁ་ཕྱེ་ནས་སློབ་དེབ་འཚོལ་བཞིན་ཡོད། སྨྱུ་གུ་དང་འབྲི་དེབ་ལ་སོགས་གང་དུ་བཞག་མིན་ཡང་གཏན་གཏན་ཤོད་རྒྱུ་མེད།
ཡང་ལ་ལ་ནི་སློབ་དེབ་སོགས་གྲ་སྒྲིག་ལེགས་པར་བྱས་ཟིན་ནའང་། ལྗང་པང་སྟེང་ནས་གནད་འགག་ཅན་གྱི་ཟིན་བྲིས་དག་དུས་ཐོག་ལ་མ་བཤུས་པར་ཡར་མར་ཇུས་གཏོགས་བྱས་ནས་སྡོད་ཀྱི་ཡོད། དེ་དུས་དགེ་རྒན་ཕལ་མོ་ཆེས་ཁོ་ལ་སྡིགས་མོ་བྱས་ནས་དུས་ཐོག་ལ་བྱེད་དགོས་པའི་བཀའ་གཏོང་གི་ཡོད། དེ་ཡིས་སྐབས་དེར་ཁོ་པ་ཅུང་སྐྲག་ནས་མགྱོགས་ཙམ་བྱེད་ངེས་ཀྱང་སང་ཉིན་རང་འཇགས་ཡིན། གང་ཡིན་ཟེར་ན་སློབ་ཕྲུག་ཁ་ཤས་ཀྱི་སྔོན་ཚུད་ནས་གྲ་སྒྲིག་བྱེད་སྟངས་མི་ཤེས་པ་དང་། ཁ་ཤས་ལས་ཀ་དུས་ཐོག་ལ་མི་བྱེད་པའི་ངན་གོམས་འཇགས་ཟིན་པས་ཡིན།
དེ་ལས་ལྡོག་སྟེ་དེ་ལྟ་བུའི་སློབ་མ་ཚོར་བཟོད་བསྲན་དང་བྱམས་བརྩེའི་ངང་ནས་དཔེ་དེབ་སོགས་མཁོ་ཆས་རྣམས་གྲ་སྒྲིག་བྱེད་རོགས་དང་ཉར་སྟངས་སོགས་བསླབ་པ་དང་། ལྗང་པང་སྟེང་ནས་དུས་ཐོག་ལ་བཤུ་མི་ཐུབ་པ་དག་ལན་གཅིག་གཉིས་བཤུ་རོགས་བྱེད་ཞོར། སློབ་མ་སྒེར་སོ་སོར་ཟིན་བྲིས་དུས་ཐོག་ལ་བཤུས་པའི་དགེ་མཚན་ངོ་སྤྲོད་དང་དུས་ཐོག་བཤུ་དགོས་པའི་སྐུལ་མ་བྱས་ན་རིམ་བཞིན་ཡར་རྒྱས་འགྲོ་ངེས་ཡིན།
༣། དགེ་རྒན་གྱི་ངོས་ནས་སློབ་ཚན་འཆར་འགོད་ལེགས་པར་བྱས་ནས་འཛིན་གྲྭ་སྟངས་འཛིན་བྱེད་སྟངས།
སློབ་ཚན་འཆར་འགོད་དམ་གྲ་སྒྲིག་ལེགས་པར་མ་བྱས་ན། དམག་ཇུས་མ་ཤེས་པའི་དམག་དཔོན་ཞིག་དམག་སར་སླེབས་པ་དང་གཅིག་མཚུངས་ཡིན། འཛིན་གྲྭའི་ནང་སློབ་མ་རྣམས་བཀོད་འདོམས་ལེགས་པར་མ་བྱས་པའི་རྐྱེན་གྱིས་སློབ་མ་ཚོ་ག་བྱེད་འདི་བྱེད་མེད་པར་གྱུར་ནས་སྐད་ཅོར་རྒྱག་འགོ་ཚུགས་པ་དང་། སྐབས་སུ་བབས་པའི་སློབ་ཚན་དང་འབྲེལ་མེད་བྱ་བ་བྱེད་པ། ཉོབ་སྣང་སླེབས་ནས་གཉིད་ལ་ཡུར་བ། འཛིན་ཁང་ནང་ཡར་མར་འགྲོ་འགོ་ཚུགས་པ་ལ་སོགས་པ་འཛིན་གྲྭ་སྟངས་འཛིན་་བྱེད་མ་ཐུབ་པའི་གནད་དོན་ཡོང་གི་ཡོད།
དེ་ནི་དགེ་རྒན་ཁོ་རང་གི་སློབ་ཁྲིད་གོ་རིམ་མེད་པར་བཤད་པ་དང་། གོ་རིམ་འཁྲུགས་ཏེ་བཤད་པ། ཐེ་ཚོམ་དང་བཅས་ཏེ་བཤད་པ། སྤྲོ་སྣང་དང་བཅས་པའི་སྒོ་ནས་སློབ་ཁྲིད་བྱེད་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས། སློབ་མ་ཚོར་དགེ་རྒན་བྱེ་བྲག་པ་དེ་ཡིས་འཁྲིད་བྱའི་སློབ་ཚན་ལ་དབྱིངས་མེད་པར་གྱུར་ནས་ཐ་ན་སློབ་ཚན་དེ་ཁག་པོ་ཚོར་བ་དང་། སྦྱོང་འདོད་ཀྱི་སྤྲོ་སྣང་མེད་པར་འགྱུར་ངེས་པར་བརྟེན། དེ་ནི་ཧ་ཅང་གི་ཚབས་ཆེ་བའི་གནད་དོན་ཞིག་ཡིན་པས་དགེ་རྒན་གྱིས་ངེས་པར་དུ་སློབ་ཁྲིད་ཀྱི་འཆར་གཞི་གྲ་སྒྲིག་ཨང་གསར་བྱས་ནས། འཁྲིད་བྱའི་སློབ་ཚན་གྱི་དམིགས་ཡུལ་ཁ་གསལ་བཟོ་ཐུབ་ཐབས་དང་། སློབ་ཚན་དེ་དང་འབྲེལ་བའི་དགེ་སློབ་ཐུན་མོང་གི་བྱེད་སྒོ་གོ་སྒྲིག་བྱེད་པ་དང་། སློབ་མ་ཐུན་མོང་གི་བྱེད་སྒོ་གོ་སྒྲིག་བྱེད་པ། སྐབས་འགར་སློབ་མ་སྒེར་གྱི་བྱེད་སྒོ་གོ་སྒྲིག་བཅས་བྱས་ན་འཛིན་གྲྭ་ཚོགས་པའི་རིང་ཧ་ཅང་གི་ཚགས་ཚུགས་པོ་ཞིག་ཡོང་བ་སྨྲོས་མི་དགོས།
མདོར་ན། འཛིན་གྲྭ་སྟངས་འཛིན་ལེགས་པར་བྱ་བ་ལ་ཐབས་ལམ་འདི་དང་འདི་ལེགས་ཞེས་ཐ་གཅིག་ཏུ་སྨྲ་བ་ལ་ངེས་པ་མེད་སྙམ། གང་ཡིན་ཟེར་ན་སློབ་མའི་ཁམས་དང་མོས་པ་ཡང་ཉིན་རེར་ནས་ཉིན་རེ་འགྱུར་བ་འགྲོ་གི་ཡོད་དུས། ཐབས་ལམ་དེ་དག་གིས་རྟག་ཏུ་ཕན་ཐོགས་ཡོང་བའི་ངེས་པ་མེད། ང་ཚོ་བོད་ཀྱི་གཏམ་དཔེ་ལ་རྔ་ལ་དཔགས་པའི་འཆམ་ཟེར་བ་ལྟར་སློབ་མའི་ཉིན་རེའི་བྱེད་སྟངས་རྒྱུས་ལོན་ཐོག་ནས། དགེ་རྒན་ཞིག་ལ་སྟངས་འཛིན་བྱ་བའི་ནུས་པ་ཡོད་དགོས་པ་དེ་གལ་ཆེན་པོ་ཡིན་ཞིང་། དགེ་རྒན་གྱིས་སྟངས་འཛིན་ཇི་ལྟར་བྱས་ཀྱང་གཞི་རྩའི་བསམ་བློའི་འཁུར་ཕྱོགས་འདི་སློབ་མའི་གནད་དོན་གང་འདྲ་ཞིག་ལ་བཟོད་བསྲན་དང་བྱམས་དང་བརྩེ་བས་སྐྱོང་བ་དང་། སློབ་མའི་ཤེས་རིག་གི་བློ་སྒོ་འབྱེད་ནུས་པའི་ནུས་པ་ཞིག་ལྡན་ན། སློབ་མས་དགེ་རྒན་ལ་བརྩི་བཀུར་ངང་གིས་སླེབས་ནས་འཛིན་གྲྭ་ཚགས་ཚུད་པོ་ཞིག་རང་བཞིན་གྱིས་ཡོང་ངེས་ཡིན།
ད་བར་དཔྱད་མཆན་མེད།