བསོད་ནམས་བསྟན་འཛིན། ། ཅོན་ཏཱ་ར་བོད་ཁྱིམ འཛིན་གྲྭ་བརྒྱད་པ། གསེར་ཉ། འཇིག་རྟེན་འདིར་སྐྱེད་མའི་མངལ་ནས་སྐྱེས་ཏེ་མི་ལོ་བཅོ་ལྔ་འཚམས་དུས་ཡུན་རིང་འགོར་སོང་། དེ་འདྲ་ཕ་མའི་ཞལ་རས་ནི་འཇིག་རྟེན་ཆུང་ངུ་ཡི་གྲུབ་ཆ་གཙོ་བོ་ཞིག་ཏུ་འགྱུར་ཡོད་པས་དང་། བྱིས་དུས་ཀྱི་ང་རང་གཉོམ་ལག་མ་སྐྱེས་པའི་སྐབས་སུ། འགྲོ་འདུག་སྡོད་གསུམ་གྱི་ཆ་ལུགས་ལ་དྲིན་ཆེན་ཕ་མའི་ཐུགས་བྱམས་པོས་ངང་ནས་གཉེར་སྐྱོང་གནང་སོང་ལ་ལག་འཇམ་པོས་བྱམས་པོ་གནང་པ་དང་དེ་བདག་གི་དྲན་པ་བརྗེད་ཀྱི་མི་འདུག ། ངེད་ཚང་གི་ཕ་མ་རྣམ་པ་གཉིས་ནི་ཕྱོགས་གང་ཐད་ནས་བཟང་མོད། འོན་ཀྱང་མི་བཟང་གཅིག་ཡོད་པ་ནི་ཨ་ཕ་ནི་ཆུངའཐུང་རྒྱུ་ལ་དགའ། ཁོང་གི་ཆང་བཏུང་ནས་མིག་ཟུང་གཉིས་དམར་པོར་བསྒྱུར་པས། ཨ་མས་ཚིག་པ་ཟ་བའི་སྒོ་ནས་ཨ་ཕ་ལ་བཀའ་བཀྱོན་གཏོང་གི་ཡོད་རེད། ཨ་མ་ནི་དུས་རྒྱུན་དུ་ནང་ལ་ཁ་ལག་བཟོ་བ་དང་དེ་མིན་ནང་གི་ལས་ཀ་རྣམས་ནན་ནན་ཏིག་ཏིག་སྒོ་ནས་བྱེད་ཀྱི་ཡོད་པ་དང་བསིལ་ཏོག་གི་སྡོང་པོ་ཞིག་ཡོད་པ་དེ་ཨ་མས་གཅེས་སྤྲས་བྱས་པ་སོགས་གཞན་ལས་བཟང་། མཐོ་སྒོང་ས་མཐོ་བ་དང་ཤིང་ནགས་སྟུག་པོ་འདི་ནང་ཁྱིམ་ཆུང་ངུ་ཡོད་པ་འདི་ཡི་ནང་དུ་ངེད་ཚང་གི་པཱ་ལགས་ནི་ཞོགས་པ་སྔ་པོ་ལངས་ནས་གཞུང་ལམ་བཟོ་རུ་བསྙེགས་ཀྱི་ཡོད། ། དུས་འདིར་ངེད་རང་མལ་ཁྲི་སྒང་དུ་བསྡད་ནས་གཉིར་མ་གཅིག་ཏུ་བསྡུ་བའི་རྨོ་རྨོ་ཡིས་ང་ལ་བྱམས་བརྩེ་བརྗོད་དཀའ་བའི་ཁ་པར་བརྒྱབས་ཏེ། ང་རང་སེམས་རྦ་རླབས་ལྟར་འཁྲུགས་ཏེ་མིག་ཆུ་ཐིག་པ་གདོང་ངོས་སུ་རང་དབང་མེད་པར་ལྷུང་། སྐབས་དེར་ངའི་མཐོང་ལམ་བསྒྲིབས་ནས་རྨོ་རྨོ་གསུངས་བའི་བསླབ་བྱ་སེམས་ནང་རྡོ་བརྐོས་རི་མོ་ལྟར་ཤར་བྱུང་། ། ཕྱི་ཉིན་ཞོགས་པ་འདི་ང་རང་ཁང་པའི་ནང་དུ་ཚོ་དྲོད་ཧ་ཅང་ཆེ་བས། ཕྱིར་བལྟས་པས་བདག་གི་མཛའ་མཐུན་གྱི་གྲོགས་པོ་རྣམས་ཤེས་ཡོན་སློབ་སྦྱོང་སྦྱངས་ཀྱི་ཡོད་པ་ངས་མཐོང་། ཅང་མ་འགོར་བའི་ང་རང་མཛའ་གྲོགས་ཀྱི་འགྲམ་དུ་ཕྱིན་ནས་སྐད་ཆ་བཤད་པ་ཡིན། བདག་གི་གྲོགས་པོ་ནི་ཀུན་ལ་འཆར་རྒྱུ་ཡོད་པས། ཁོས་སློབ་སྦྱོང་གི་ཐད་ལ་ནན་ཏན་དང་ཧུར་བརྩོན་བྱེད་པ་ལས་རྣམ་གཡེང་གཏན་ནས་མི་བྱེད་ཙང་། བུ་ང་རང་ནི་རྩེད་མོ་རྩེ་རྒྱུ་དགའ་ལ་ཆུང་དུས་བདག་གི་ནམ་ཡང་ཤེས་དཀའ་བའི་དོན་ཞིག་ཡོད་པ་དེ་ནི་གྲོགས་པོ་རྣམས་དབྱིན་ཇི་སྒྲུང་དེབ་ཀློག་སྐབས་ངས་ཀློག་མི་ཤེས། ངའི་པཱ་ལགས་ཀྱི་བཀའ་མོལ་གནང་བ་དང་པཱ་ལགས་ཀྱི་ངོས་ནས་དངུལ་གང་ཙམ་ཡོད་པ་རྣམས་ང་ལ་བཏང་བ་དང་ཨ་མས་བྱམས་སྐྱོང་ངང་བསླབ་བྱ་ཡག་པོ་བསྐྱོན་གནང་བ་དང་། ངེད་ངོས་ནས་སྟོབས་ཤུགས་ཡོད་རྒུ་རྩ་དྲུག་སྒོ་ནས་སློབ་སྦྱོང་ལ་འབད་པ་བྱེད་ངེས་ཡིན། ཨ་ཕ། ཨ་མ། སྤྱན་ཆབ་ཀྱི་ཐིགས་པ་རེ་རེ་ཡིས་སེམས་གཏམ་དྲོན་མ་རེ་གླེང་དུས། ངའི་སེམས་པ་རྡོ་ལས་མཁྲེགས་ལ་རེ་ལས་ལྕི། ཕ་མ་ལགས། ཁྱེད་ཀྱི་བྱམས་བརྩེ་ཐུགས་རྒྱུད་ཀྱིས་ང་རང་ལ་ཚུལ་མཐུན་གྱི་ཀུན་སྤྱོད་བསྩལ་བྱུང་ལ། ཁྱེད་ཀྱི་དོན་ལྡན་གྱི་བསླབ་བྱ་ཡིས་ང་རང་ལ་འགྱུར་མེད་ཀྱི་མི་གཞི་གནང་བྱུང་། ཁྱེད་ཀྱི་བརྩེ་དུང་དང་སྙིང་རྗེ་ཡིས་ང་རང་ལ་མ་འོངས་པའི་བདེ་སྐྱིད་གནང་བྱུང་། ང་ལ་ཤེས་བྱ་སྦྱིན་པའི་ཕ་མ། ། གུས་པ་གསོ་སྐྱོང་ནང་བའི་ཡབ་ཡུམ། ། ཁྱེད་གཉིས་ཡོད་ཚད་བློས་གཏོང་ནས། ། བུ་ངའི་མི་ཚེ་དོན་དུ་འབད། །
དགེ་རྒན་དང་པོ།
བདེ་ཆེན་ཆོས་སྒྲོན། ཅོན་ཏཱ་ར་བོད་ཁྱིམ། འཛིན་གྲྭ་བརྒྱད་པ། ཟླུམ་པོའི་སའི་གོ་ལ་འདིའི་སྟེང་ལ་ཚང་མར་སྐྱེས་མ་ཡོད་པ་ལྟར་གུས་མོ་ལ་ཡང་བྱམས་བརྩེ་ལྡན་པའི་ཕ་མ་ཡོད། བདག་གི་བྱམས་བརྩེ་ལྡན་པའི་ཕ་མའི་མཚན་ལ་བསྟན་འཛིན་ཕུར་བུ་དང་ངག་དབང་རྡོ་རྗེ་ཟེར་གྱི་ཡོད། ངའི་ཕ་མ་ད་ལོ་དགུང་ལོ་སུམ་ཅུ་སོ་གཉིས་དང་བཞི་བཅུ་ཞེ་ལྔ་རེད། ། གུས་མོའི་ཕ་མ་གཉིས་ནི་སྐུ་གཟུགས་རིང་ལ་ཅུང་སྐམ་པས་མཛེས་པོ་ཞིག་ཡོད་ལ་དབུ་སྐྲ་ནི་ནག་སེར་ཡིན། ཞོགས་པ་སྔ་པོ་རྟ་བདུན་དབང་པོ་ཤར་བ་ནས་དགོང་མོ་འོད་དཀར་ཅན་གྱི་ཟླ་བ་མ་ཤར་བར་དུ་དཀའ་ལས་ཚད་མེད་སྐྱོན་གྱི་རེད། ཕ་མ་ཁྱེད་ནི་གུས་མོའི་སྙིང་གི་ནོར་བུ་དང་འདྲ། དུས་རྟག་ཏུ་གུས་མོ་རང་ཉིད་ལ་བཟང་སྤྱོད་ལྡན་པའི་སློབ་གསོ་གནང་བ་དང་ང་རང་སློབ་སྦྱོང་བྱ་ཕྱིར་ས་ཐག་རིང་པོ་ནས་སློབ་གྲྭར་བཏང་བ་མ་ཟད་གུས་མོའི་འཕྲོད་བསྟེན་དང་གཟུགས་པོ་བདེ་ཐང་ཡོང་བར་བཀའ་སློབ་ཡང་ཡང་གནང་གི་རེད། དམིགས་བསལ་གུས་མོའི་སྐྱེས་སྐར་སྐབས་བཀྲ་ཤིས་བདེ་ལེགས་ཞེས་གུས་མོར་སྨོན་ལམ་འདེབས་མཁན་ཐོག་མ་དེ་ངའི་ཕ་མ་ཁྱེད་གཉིས་ཡིན། དུས་ནམ་ཡང་བརྗེད་ཐབས་བྲལ་བའི་ངའི་བརྩེ་བའི་ཕ་མ་ལགས། ངས་ཁྱེད་རྣམས་བརྗེད་མི་སྲིད་ལ་འཛམ་གླིང་ནང་ཁྱེད་གཉིས་ལས་ལྷག་པ་ང་ལ་སུ་ཡང་མེད། ངའི་ཕ་མ་གཉིས་ནི་ཉིན་ལྟར་ཚོང་ཁང་ནང་གོས་དང་ཅ་ལག་འདྲ་མིན་སྣ་ཚོགས་བཙོང་གི་ཡོད་པ་མ་ཟད་ཕ་མའི་ཁ་ལག་དགའ་ཤོས་ནི་མོག་མོག་ཡིན། ། ངའི་ཕ་མ་ད་ཆ་འཛམ་གླིང་ནང་བཞུགས་ཡོད། ཕ་མས་ང་ལ་བྱམས་སྐྱོང་ཚད་མེད་གནང་ཙང་ངས་ནམ་ཡང་བརྗེད་མི་སྲིད། མདོར་ན་ང་ལ་ན་ཟུག་བརྒྱགས་པའི་སྐབས་སུ་ཕན་མཁན་ནི་ངའི་ཕ་མའི་ལྷད་མེད་ཀྱི་བྱམས་སྐྱོང་དེ་ཡིན་ལ། ད་ལྟ་ང་སྐྱིད་པོ་བྱས་ནས་བསྡད་རྒྱུ་ཡོད་པ་དེ་ཕ་མའི་བཀའ་དྲིན་ཡིན། ངས་སློབ་སྦྱོང་དང་མི་བཟང་པོ་ཞིག་བྱས་ནས་ཕ་མའི་སྙིང་གཏམ་དྲོད་མོ་ཡིད་ལ་བཅངས་ནས་སློབ་སྦྱོང་ལ་འབད་རྒྱུ་ཡིན་པས། ད་ལྟ་འཛིན་གྲྭ་བརྒྱད་པའི་ནང་དུ་སློབ་སྦྱོང་བྱེད་དང་བྱེད་བཞིན་པ་ཡིན། ། མཚམས་རེར་ཕ་མས་སེམས་ཁྲལ་བྱས་ནས་བུ་མོ་ཡིད་ངོར་དྲན་བཞིན་ཕྲུ་གུ་ཚང་མར་བརྩེ་སེམས་འོ་ཆུ་ལྟར་བྱམས་སྐྱོང་གནང་ཡོད། སྐྱེས་ཟུག་ཨ་ར། ཨརུ་ཡིས་མ་བཟོད་པར་མིག་ཟུང་མཆི་མས་བརླན་ཏེ་གཙང་རྗེས་ལག་ལྟར་འཇམ་པའི་ཕྱག་གཉིས་དལ་མོས་སྐྱོང་བའི་བཀའ་དྲིན། བདག་གིས་ཉིན་གཅིག་དྲན་ནས་དྲིན་ལན་འཇལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། པཱ་ལགས་དང་ཨ་མས་ང་སྤྱི་ཚོགས་ནང་དུ་འགྲོ་ཐུབ་པ་བཟོས་པ་དེ་ཡང་ཁྱེད་གཉིས་བཀའ་དྲིན་རེད། ཐེངས་ཤིག་གུང་གསེང་སྐབས་བདག་གི་ཕ་མས་ང་མཐོང་འཕྲལ་གདོང་ལ་འཛུམ་མདངས་རྒྱས་ཤིང་བྱམས་བརྩེའི་ངང་ནས་ང་ལ་ལྕགས་སྨྱུག་སྤུས་ལེགས་ཤིག་དང་དཔེ་ཁུག་ཆུང་ཆུང་ཞིག ད་དུང་སློབ་སྦྱོང་གི་ཡོ་བྱད་ཁ་ཤས་ཉོས། ང་དགའ་ནས་སྐད་ཆ་ཡང་ཤོད་མི་ཐུབ་པའི་སྐབས་སུ་ཕ་མས་ང་དགའ་བའི་རྣམ་འགྱུར་མཐོང་རྗེས། གདོང་ལ་སྔར་མཐོང་མི་མྱོང་བའི་འཛུམ་མདངས་ཀྱི་མེ་ཏོག་ཁྲ་ལམ་མེར་བཞད། ཕ་མས་ཁ་ཟས་གཡོ་སྦྱོར་བྱས་ཟིན་པ་དང་། ཕ་མ་དང་ངེད་གཉིས་ཀས་ཕྱི་ནང་དུ་གཙང་སྦྲ་བྱས་རྗེས་མཆོད་པ་བཤམས་པ་ཡིན། ངའི་བརྩེ་བའི་དྲིན་ཅན་གྱི་ཕ་མ་ལགས། ངས་དུས་ནམ་ཡང་ཁྱེད་གཉིས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་པ་བྱེད་ཀྱི་ཡིན།
རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞ
དབུ་རྒྱན་མཁའ་འགྲོ། དཔེ་སྟོན་སློབ་གྲྭ། འཛིན་རིམ་བརྒྱད་པ། སྤྱིར་རྒྱ་གར་ནི་ང་ཚོ་བོད་རྒྱལ་ཁབ་ཆེན་པོའི་ཉེ་འདབས་སུ་ཆགས་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ནང་ནས་གཅིག་ཡིན་པ་མ་ཟད། རྒྱལ་ཁབ་འདི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བོད་དང་འབྲེལ་བ་ཤིན་ཏུ་ཟབ་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང། སྤྱི་ལོ་༡༩༤༧སྔོན་གྱི་ལོར་རྒྱ་གར་ནི་ཨིན་ཇིའི་བཙན་གནོན་འོག་ཏུ་གནས་མྱོང་ཡོད་པའི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་རང་བཙན་འཐོབ། བོད་ཡུལ་ནི་སྐབས་དེ་དུས་རང་བཙན་ལྡན་པའི་རྒྱལ་ཁབ་དང་གཏེར་ཁ་སྣ་ཚོགས་ཡོད་ལ་ཕྱོགས་བཞི་མཚམས་བརྒྱད་གངས་རི་རྭ་བས་བསྐོར་ཅིང་གཟི་བརྗིད་གྱི་ཉམས་སྣང་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ཏེ། བོད་མི་ཡོངས་ཀྱི་གཅེས་ནོར་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གཞུང་ཞབས་མི་མང་མང་པོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད། དེ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་སྲིད་བློན་ནེ་རུ་མཆོག་དང་མཇལ་འཕྲད་ཀྱིས་གླེང་མོལ་གནང་བའི་འབྲས་བུར་བོད་མི་རྣམས་རྒྱ་གར་ནང་འཚོ་གནས་ཆེད་དུ་གཞིས་ཆགས་ས་ཞིང་གནང་བ་དང། རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་པའི་ཆེད་དུ་བོད་ཕྲུག་ཚོ་སློབ་སྦྱོང་བྱེད་སའི་བོད་སློབ་ལོགས་སུ་བཙུགས་གནང་བས། བཙོན་བྱོལ་དུ་བོད་ཕྲུག་ཚོས་བོད་པའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་ནས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་མི་ཉམས་པར་གནས་ཐུབ་པ་བྱུང་ཡོད། འདི་ནི་རྒྱ་གར་གཞུང་དམངས་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན། དེ་མ་ཟད། དེང་དུས་ཀྱི་ཤེས་ཡོན་ཐོག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་ནས་ད་བར་མངོན་གསལ་དོད་པོའི་ཐོག་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། རང་གི་རྒྱལ་ཁབ་རྒྱ་དམར་གྱི་བཙན་འོག་ཏུ་ཤོར་ཟིན་ནའང་། རྒྱ་གར་གྱི་རྒྱལ་ཁབ་ནང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་མི་མང་ནང་བཞིན་གནས་ཐུབ་པ་དང། རྒྱལ་ཁབ་ཅིག་གི་ངོ་བོ་མཚོན་པའི་བཙན་བྱོལ་ཞིག་ཀྱང་བཙུགས་ཐུབ་པ་བྱུང་བ་ནི་རྒྱ་གར་གཞུང་དམངས་དང་༸སྤྱི་ནོར་གོང་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་མཛད་འཕྲིན་ཉག་ཅིག་ལ་བརྟེན་ནས་བྱུུང་བ་ཡིན། ད་ཆ་རྒྱ་གར་འཕགས་པའི་ཡུལ་ནི་ང་ཚོ་རྒྱལ་ཁབ་དང་རང་བཙན་མེད་པའི་བོད་མི་རྣམས་ལ་ཕ་ཡུལ་གཉིས་པ་ལྟ་བུར་གྱུར་ཡོད། ང་ཚོས་ཀྱང་བཙན་བྱོལ་ནང་གི་རང་དབང་དེ་བེད་སྤྱད་ནས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཆེད་དུ་མུ་མཐུད་འབད་བརྩོན་ཧུར་ཐག་བྱེད་དགོས་ཤིང། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་སྙིང་དབུས་སུ་བཅངས་ཏེ་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པ་དང། བོད་ཕྲུག་ང་ཚོས་ཀྱང་དུས་ཚོད་དམ་འཛིན་བྱས་ཏེ་ཕྱི་ནང་ཤེས་བྱ་ཐམས་ཅད་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་མ་འོངས་པའི་བོད་གསར་པ་ངེས་པར་དུ་འཛུགས་སྐྲུན་བྱེད་དགོས། ང་ཚོས་རྒྱ་གར་གཞུང་དམངས་གཉིས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང། མུ་མཐུད་རོགས་རམ་གནང་རྒྱུའི་རེ་སྨོན་དང་སྨོན་ལམ་འདེབས་བཞིན་ཡོད། ཐུགས་རྗེ་ཆེ། བཀའ་དྲིན་ཆེ། ཁྱེད་ཀྱི་བཀའ་དྲིན་དུས་ནམ་ཡང་མ་བརྗེད་པར་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་ཡིན། བོད་རྒྱལ་ལོ། །
བོད་མི་ཚང་མས་སོ་སོའི་སྐད་དང
བསྟན་འཛིན་འཆི་མེད། དྷ་ཤོད་བོད་ཁྱིམ། འཛིན་གྲྭ་བརྒྱད་པ་འཁོར་ལོ། ༄༅། ། དེ་རིང་གི་རྩོམ་འདི་ནི་ད་ལྟའི་སྤྱི་ཚོགས་དང་འབྲེལ་བ་ཞིག་ཆགས་ཡོད། དེ་ཡང་བོད་སྐད་དང་བོད་ཡིག་སོགས་ང་ཚོ་བོད་པའི་རིག་གཞུང་དང་འབྲེལ་བ་ཡང་ཆགས་ཡོད་པ་མ་ཟད། དེ་རིང་གི་རྩོམ་འདི་ནི་ངའི་བློ་ངོར་གློ་བུར་དུ་འཆར་བ་མ་ཡིན་པར་དེ་སྔོན་ནས་ངའི་སེམས་ནང་ང་ཚོ་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་བསམ་མྱོང་ཡོད། དང་ཐོག་ངས་བོད་སྐད་དང་འབྲེལ་བའི་ཐོག་བཤད་ན་དེ་སྔོན་མི་རབས་གོང་མ་ཚོས་བོད་སྐད་གཙང་མ་བཤད་པ་དང་དེ་ནས་ང་ཚོའི་སྤོ་ལགས་དང་རྨོ་ལགས་ཚོའི་མི་རབས་ནང་སྐད་ཆར་སྐད་གཞན་པ་ག་ལེར་བསྲེས་པ་དང་། ང་ཚོའི་ཕ་མ་ཚོའི་མི་རབས་དང་ང་ཚོའི་མི་རབས་སམ་ད་ལྟའི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་ཤེས་ཀྱང་མ་བརྒྱབ་པ་དང་། མ་ཤེས་ནས་མ་བརྒྱབ་པ་སོགས་སྣ་ཚོགས་ཡོད། རྒྱ་གར་ནང་ཡོད་པའི་བོད་མི་ཚོས་བོད་སྐད་བརྒྱབ་ཀྱང་ཨིན་ཇི་དང་ཧིན་དྷིའི་སྐད་སོགས་བསྲེས་ནས་བོད་སྐད་འདི་ར་མ་ལུག་ལྟར་རྒྱག་གི་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་མི་རྒན་པ་ཚོ་ཡིན་ན་བོད་སྐད་རྒྱག་ཐུབ་ཀྱང་ཁོ་ཚོའི་ཕྲུ་གུ་རྣམས་ཕྱི་ལ་དོན་སྐབས་ཕྱི་རྒྱལ་མི་རིགས་ཀྱི་ཁེངས་ནས་ཕྱི་རྒྱལ་བའི་མི་ལྟར་ཆགས་པ་དང་། སྐད་ལ་མཚོན་ན་བོད་སྐད་རྒྱག་མཁན་གྱི་རྩམ་ཟན་བོད་པ་ལས་ལུང་པ་དེའི་མི་མང་བ་ཡོད་པས་ཕྲུ་གུ་དེའི་ཨ་མཆོག་ལ་བོད་སྐད་གོ་བ་ནི་གསེར་གྱི་ཐིགས་པ་ལྟར་རེད། དེས་ན་ཁོའི་སོ་སོའི་སྐད་ངོ་མ་བོད་སྐད་དེ་ཕ་མ་དང་ནང་མིའི་ཞལ་ནས་མ་གཏོགས་མི་གོ་བས་ཁོང་རྣམ་པས་བོད་སྐད་གཙང་མ་རྒྱག་ཐབས་བྱེད་དགོས། གལ་ཏེ་ང་ཚོས་བོད་སྐད་གཙང་མ་མ་བརྒྱབ་ན་ཤུགས་ལ་སོ་སོས་སོ་སོར་དམའ་བེབས་བྱེད་པ་དང་གཉིས་སུ་མེད། གང་ཡིན་ཟེར་ན། དོན་དངོས་ཐོག་ང་ཚོར་ཚིག་མ་འདང་བའི་སེམས་ཁྲལ་མེད་ལ། ད་ལྟ་ང་རང་ཚོས་བོད་སྐད་བར་ལ་ཧིན་དྷི་དང་ཨིན་སྐད་བརྒྱབས་པ་ཚང་མ་ང་ཚོའི་སྐད་ཀྱི་ནང་ལ་ཡོད་པ་མ་ཟད། ང་ཚོས་བོད་སྐད་གཙང་མ་རྒྱག་རྒྱུ་དེ་ནི་༸ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ཡང་རེད། ང་ཚོ་བོད་ཀྱི་གཏམ་དཔེའི་ནང་། གཞན་གྱི་ཕ་སྐད་ཤེས་ན་བཟང་མོད་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ། ཞེས་པ་དེ་བདེན་པ་རེད། དེ་ནས་བོད་མི་ཚོས་བོད་ཡིག་ལས་ཨིན་ཇི་ལེགས་པ་བྲིས་པ་དང་ཨིན་ཇི་ལས་བོད་ཡིག་ཁག་པ་ཡོད་པ་བསམས་ནས་རང་གི་ཡི་གེ་ངོ་མ་ལ་མཐོང་མ་སྤྲད་ནས་ལུང་པ་གཞན་གྱི་ཕ་སྐད་དང་ཡི་གེ་ལ་ཡིད་སྨོན་སྐྱེས་པ་སོགས། ང་ཚོར་ཁོ་ཚོའི་སྐད་དང་ཡི་གེ་ཤེས་ན་ཁེ་བཟང་ཆེན་པོ་ཡོད་པ་བཞིན་བྱེད་ཀྱི་འདུག ངས་ལུང་པ་གཞན་གྱི་ཡི་གེའི་ལོ་རྒྱུས་སམ་བྱུང་ལུགས་བྱུང་སྟངས་མ་ཤེས་ཀྱང་། ང་ཚོ་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ཤིག་བཤད་ན་དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བློན་པོ་ཐོན་མི་སམ་བྷོ་ཊ་མཆོག་གིས་བོད་ནས་རྒྱ་གར་བར་ཚ་གྲང་གི་དཀའ་ངལ་དང་། བཀྲེས་སྐོམ་གྱི་དཀའ་ངལ། སྐད་ཀྱི་དཀའ་ངལ་སོགས་ལ་གདོང་ལེན་གནང་ནས་མཐར་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར། དེ་ནས་ཁོང་གིས་རྒྱ་གར་གྱི་སློབ་དཔོན་མང་པོའི་ཞབས་ལ་གཏུགས་ནས་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྦྱར་སྐད་སྦྱངས་པ་རེད། དེ་དང་ལྷན་ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་ང་ཚོའི་བོད་པའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞིའི་ཡོད་པའི་ཐུན་མོང་མ་ཡིན་པའི་བོད་ཡིག་འདི་བཟོས་གནང་བ་རེད། བྱས་ཙང་ང་ཚོའི་ལས་འགན་འདི་ནི་ཁོང་གིས་སྐུ་ངལ་བསྐྱོན་ནས་བཟོས་གནང་བའི་ཐུན་མོང་མ་ཡིན་པའི་བོད་ཡིག་འདི་ང་ཚོས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་རེད། འོན་ཀྱང་ད་ལྟ་ང་ཚོའི་བྱེད་སྟངས་དེར་བལྟ་དུས་ཁོང་ལ་གདོང་བསྟན་མི་ནུས་པའི་བྱ་བ་ཞིག་རེད་འདུག ཡང་ད་ལྟའི་སྤྱི་ཚོགས་ཁྲོད་བོད་མི་མང་པོ་ཞིག་རང་གི་ཕ་སྐད་ནང་ཡོད་པའི་བོད་གཞས་རིགས་ལ་སྤྲོ་སྣང་དང་དགའ་སྣང་མེད་པ་མ་ཟད། སྦྱོང་འདོད་དམ་ཉན་འདོད་མེད་པའི་སྒང་ལ་ལུང་པ་གཞན་གྱི་གཞས་སོགས་དཔེར་ན་ཨིན་ཇི་དང་ལྷོ་ཀོ་རི་ཡེའི་གཞས་ལ་སྤྲོ་སྣང་ཆེན་པོས་ཉན་པ་དང་། དེ་ཚོ་སྦྱང་རྒྱུའི་ཆེད་དུ་དུས་ཚོད་མང་པོ་བཏང་བ་སོགས་བྱེད་ཀྱི་འདུག དོན་དངོས་ཐོག་ང་ཚོའི་བོད་གཞས་འདི་ལ་བཙན་བྱོལ་དང་བོད་ནས་དེང་དུས་ཀྱི་གཞས་དང་སྲོལ་རྒྱུན་གྱི་གཞས་ནང་མ་སྟོད་གཞས་དང་སྟོད་གཞས་སོགས་སྣ་མིན་སྣ་ཚོགས་ཡོད་ལ་དེ་ཚོའི་ཚིག་དེ་ཚོ་ཡང་གོ་བདེ་པོ་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཙམ་དུ་མ་ཟད་ང་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་དང་རོལ་ཆ། དམིགས་བསལ་རོལ་ཆ་སྒྲ་སྙན་ནི་བོད་པའི་རོལ་ཆ་དངོས་ལས་ལུང་པ་གཞན་གྱིས་རོལ་ཆ་ཞིག་མིན་པས་ཉུང་མཐར་ང་ཚོས་སྒྲ་སྙན་འདི་ཤེས་ན་ཡག། ང་ཚོའི་མི་རབས་གོང་མ་མང་ཆེ་བ་སློབ་གྲྭའི་དུས་སུ་རོལ་ཆའི་རིགས་སྦྱང་རྒྱུའི་དམིགས་བསལ་གོ་སྐབས་མང་པོ་ཐོབ་མེད། འོན་ཀྱང་ང་དང་ང་འདྲ་བའི་སློབ་ཕྲུག་ཚོར་མཚོན་ན། རོལ་ཆ་སྣ་མིན་སྣ་ཚོགས་སྦྱང་རྒྱུའི་གོ་སྐབས་བཟང་པོ་ཡོད་ལ་མཐུན་རྐྱེན་ཡང་བཟང་པོ་ཡོད་པས་ང་ཚོས་ཉུང་མཐར་རོལ་ཆ་ཞིག་ཤེས་པ་དགོས། འོན་ཀྱང་དེང་སང་སློབ་ཕྲུག་ཁ་ཤས་རང་གི་རིག་གཞུང་དང་འབྲེལ་བའི་རོལ་ཆ་དང་གཞས། བོད་ཡིག རིགས་ལམ་དང་ནང་ཆོས་སོགས་སྦྱོང་སྐབས་དང་པོ་ནས་དེ་ནི་ཉོབ་སྣང་ཆེ་བའི་བྱ་བ་ཞིག་དང་། མགོ་འཚོས་ཀྱི་མེད་པ་མ་ཟད། གཞས་དེ་ཚོ་གཅིག་ལས་གཅིག་ཁག་པ་འདུག་ཅེས་རང་གི་ཀླད་པར་བརྡ་ལན་ངན་པ་ཞིག་སྤྲོད་པ་དང་ལྷན་ཀླད་པའི་ནང་འཛུལ་སྒོ་དེ་དང་པོ་ནས་བཀག་པ་རེད། དོན་དངོས་ཐོག་བོད་ཡིག་དང་། རིགས་ལམ། ནང་ཆོས། གཞས། […]
བརྗེད་དཀའ་པའི་དྲིན་ཆེན་ཕ་མ།
ཚེ་རིང་སྒྲོལ་མ། ཅོན་ཏཱ་ར་བོད་ཁྱིམ། འཛིན་གྲྭ་བརྒྱད་་པ། འཁོར་བ་ཆེན་པོ་འདིའི་ནང་བྱམས་བརྩེའི་ནུས་སྟོབས་ལྡན་པའི་ཕ་མ་མང་པོ་ཡོད་པ་བཞིན་གུས་མོ་ལའང་བྱམས་བརྩེ་ཅན་གྱི་ཕ་མ་གཉིས་ཡོད། ཁོང་གཉིས་མེད་ན་གུས་མོ་ལ་དལ་འབྱོར་མི་ལུས་རིན་ཆེན་བཟང་པོ་འདི་ལྟ་བུ་ཡོང་ཐབས་མེད། ཁོང་གཉིས་ཀྱི་བྱམས་བརྩེ་ནི་རིན་ཆེན་གསེར་ལས་རིན་ཐང་ཆེ་ཞིང་། ཁོང་གཉིས་ནི་དགེ་རྒན་དང་པོ་དེ་ཡིན། དེ་ཡང་གུས་མོ་གོམ་པ་སྤོ་མ་ཐུབ་པ་དང་ཚ་གྲང་དབྱེ་མི་ཤེས་ཤིང་། སྨྲ་མ་ཐུབ་པའི་ཉིན་དང་པོ་ནས་ཕ་མས་བསླབས་ཡོད་པ་རེད། རང་ཉིད་ལ་ན་ཚ་ཆུང་ཚགས་ཀྱང་མི་བཞག་པར་གསོ་སྐྱོང་གནང་གི་ཡོད་པ་མ་ཟད། ཞོགས་པ་སྔ་པོ་རྟ་བདུན་གྱི་དབང་པོ་ཤར་བ་ནས་དགོང་མོ་འོད་དཀར་ཅན་གྱི་ཟླ་བ་མ་ཤར་བར་དུ་དཀའ་སྤྱད་ཀྱིས་ལས་ཀ་མང་པོ་བསྒྲུབ་ཡོད་ཚད་ངའི་ཆེད་དུ་ཡིན་པ་མ་ཟད། དེའི་དངུལ་རྣམས་གུས་མོའི་ཆེད་དུ་སྤུས་ལེགས་ཀྱི་སློབ་གྲྭར་གཏོང་གི་ཡོད་པ་མ་ཟད། སྐབས་རེ་ངའི་ཆེད་དུ་མི་མང་པོ་མཉམ་དུ་རྩོད་པ་རྒྱབ་ཀྱི་འདུག ཕ་མའི་བྱམས་བརྩེའི་ཞལ་རས་ནི་ངའི་དྲན་པའི་ངོས་སུ་རྡོ་བརྐོས་རི་མོ་བཞིན་དུ་དུས་རྟག་ཏུ་གསལ་ལེར་ཤར་གྱི་འདུག གུས་མོ་ང་ལ་མི་ལུས་རིན་ཆེན་སྦྱིན་མཁན་ཕ་མ་ཡིན། ང་ལ་ཚེ་སྲོག་གནང་བའི་ཕ་མ་ཡིན། རང་གི་ཡོད་ཚད་བློས་བཏང་བྱས་ནས་སྐྱེད་སྲིང་བྱེད་མཁན་ཕ་མ། ཁྱེད་གཉིས་ཀྱི་བཀའ་དྲིན་དེ་ཉི་མ་དང་ཟླ་བ་སུ་གང་གི་ཡང་མཚོན་པར་མི་ནུས། སོ་སོ་ཕ་མ་གཉིས་འཁྲིད་དེ་འཛམ་གླིང་བསྐོར་བ་གསུམ་བརྒྱབ་ཀྱང་དྲིན་ལན་མཇལ་མི་ཐུབ། མ་ཟད་ཡོད་ཚད་བུ་མོ་ང་ལ་སྤྲད་ཡོད་པས། གུས་མོས་རིག་པ་ཡོད་རྒུ་རྩ་དྲུག་བཏོན་ནས་སློབ་སྦྱོང་ལ་འབད་ལ་བྱེད་ངེས་ཡིན་པ་དང་སོ་སོ་ཆེན་པོ་ཆགས་དུས་སོ་སོའི་ཕ་མ་གཉིས་ལ་བཀའ་དྲིན་འཇལ་ཐུབ་པ་བྱ་རྒྱུ་དེ་ཕྲུ་གུ་ང་ཚོའི་ལས་འགན་ཞིག་ཡིན་པ་མ་ཟད། བཀའ་དྲིན་འཇལ་མ་ཐུབ་ན་ཡང་ཕ་མའི་ཁ་ལ་ཉན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ། ཕ་མ་ཞེས་པ་དེ་ཁྲོམ་ནས་ཉོ་རྒྱུ་མེད་ལ་ཚོང་རྒྱུ་ཡང་མེད། བྱམས་ལྡན་གྱི་ཕ་མའི་མིག་ནས་མཐོང་རྒྱུ་དང་རེག་རྒྱུ་ནི་གུས་མོ་ལས་མེད་ཅིང་། ཕྲུ་གུ་ཀུན་གྱི་ནང་ནས་རང་གི་ཕྲུ་གུ་ནི་སྙིང་རྗེ་ཤོས་དང་གཟེངས་སུ་ཐོན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། ནམ་ཡང་མི་སྡུག་ཅག་ཡིན་པ་ཞིག་ལ་བརྩི་ཡི་མེད། རང་གི་ཕྲུ་གུ་དེར་ག་དུས་ཡིན་ཡང་སྨད་ར་གཏོང་གི་མེད་པ་མ་ཟད། རང་གི་མི་ཚེ་ཡོངས་རྫོགས་རང་གི་ཕྲུ་གུའི་དོན་དུ་སེམས་བཞིན་ཡོད་པ་མ་ཟད། སོ་སོའི་ཕ་མ་གཉིས་པོའི་བཀའ་དྲིན་མི་བསམ་ན་དེ་འདྲ་བའི་བསླབ་བྱ་རྒྱག་མཁན་སུ་ཡང་ཁྱེད་ཀྱི་འགྲམ་དུ་ཡོང་གི་མ་རེད། སོ་སོ་ལ་དཀའ་ངལ་འཕྲད་དུས་སུ་གང་གི་ཡང་རོགས་པ་མི་བྱེད་ལ་སོ་སོའི་ཕ་མ་མ་གཏོགས་མེད། དུས་རྟག་ཏུ་གུས་མོ་རང་ཉིད་ལ་བཟང་སྤྱོད་ལྡན་པའི་སློབ་གསོ་གནང་མཁན་ནི་ཕ་མ་ཁྱེད་རང་གཉིས་ལས་མེད། ། ངས་ཁྱེད་གཉིས་མི་ཚེའི་ནང་བརྗེད་མི་སྲིད་ལ་འཛམ་གླིང་འདིའི་ནང་ཁྱེད་རང་གཉིས་ལས་ལྷག་པ་ང་ལ་སུ་ཡང་མེད་པ་མ་ཟད། ད་ལྟ་བདག་སྐྱིད་པོ་བྱས་ནས་སྡོད་རྒྱུ་ཡོད་པ་དེ་ཡང་ཕ་མ་རང་གཉིས་ཀྱི་བཀའ་དྲིན་ཡིན། གུས་མོས་བྱམས་བརྩེ་ལྡན་པའི་ཕ་མའི་དྲིན་ལན་འཇལ་ཐུབ་པ་བྱེད་ཀྱི་ཡིན། དུས་རྟག་ཏུ་བདག་གི་ཕ་མའི་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ནམ་མཁའི་སྐར་མ་ཤར་དུས། ། ཁོང་གཉིས་ཞལ་རས་དྲན་བྱུང་། ། གནམ་ལ་ཟླ་བ་ཤར་དུས། ། དྲིན་ཆེན་ཕ་མ་དྲན་བྱུང་། །
བོད་ཀྱི་རྒྱལ་ས་ལྷ་ས།
བསྟན་འཛིན་ཀུན་དགའ། སཾ་བྷོ་ཊ་ཀོ་ལེ་གྷལ། འཛིན་གྲྭ་བདུན་པ། འཛམ་གླིང་ས་ཡི་ཡང་ཐོག་ཏུ་ཆགས་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནི་ང་ཚོ་བོད་མི་རྣམས་ཀྱི་རྒྱལ་ས་རེད། ལྷ་ས་ནི་མཛེས་སྡུག་ལྡན་ཞིང་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་ཡོད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཙོ་བོ་ཆེ་ཤོས་ཕོ་བྲང་པོ་ཏཱ་ལ་ཡོད། བརྗིད་ཆགས་ཀྱི་ཕོ་བྲང་པོ་ཏཱ་ལ་ནི་སྔོན་ཆོས་རྒྱལ་རིམ་བྱོན་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་བཞེངས་གནང་བ་དང་བཞུགས་གནས་ཀྱང་ཡིན། མ་ཟད་བོད་ས་མ་ཤོར་སྔོན་༸ གོང་ས་མཆོག་དགུན་ཁ་ལ་རྩེ་ཕོ་བྲང་པོ་ཏ་ལའི་ནང་དུ་བཞུགས་པ་དང་དབྱར་ཁ་ཚ་བ་ཆེ་བའི་སྐབས་སུ་ཕོ་བྲང་ནོར་བུ་གླིང་ཁའི་ནང་བཞུགས་ཀྱི་ཡོད། གཞན་ཡང་རྩེ་ཕོ་བྲང་པོ་ཏཱ་ལའི་ཉེ་འཁོར་དུ་བོད་ཀྱི་སྐད་གྲགས་ཆེ་བའི་ནང་ཆོས་དང་ལྟ་གྲུབ་ཀྱི་སྐོར་སློབ་སྦྱོང་བྱེད་ས་སེར་འབྲས་དགའ་གསུམ་གྱི་དགོན་པ་ཡང་དེའི་ཉེ་འཁོར་དུ་ཆགས་ཡོད། རྒྱལ་ས་ལྷ་སའི་མིང་གཞན་ལ་ལྷ་ལྡན་ཞེས་འབོད་སྲོལ་ཡོད་པ་ངའི་རྨོ་ལགས་ཀྱིས་གསུངས་གནང་གི་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་དུས་རབས་བདུན་པའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་པའི་ཇཱོ་ར་མོ་ཆེ་གཙུག་ལ་ཁང་དང་རཱ་ས་འཕྲུལ་སྣང་གཙུག་ལག་ཁང་ཡང་ཡོད། དེ་གཉིས་ནི་བོད་ཀྱི་ལྷ་ཁང་རྙིང་ཤོས་གྲས་རེད། དེ་དང་འདྲ་བ་བོད་ཀྱི་ས་ཆ་གང་སར་དགོན་པ་རྙིང་པ་མང་པོ་ཡོད་རེད། དཔེར་ན། བསམ་ཡས་གཙུག་ལག་ཁང་དང་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་སོགས་རེད། གཞན་ཡང་སྨན་ཁང་དང་རྩིས་ཁང་། རྩེ་སློབ་གྲྭ་སོགས་ནི་ཕོ་བྲང་པོ་ཏ་ལའི་ནང་ཡོད་རེད། གནས་ཚུལ་དེ་ཚོ་དགོང་མོ་མ་ཉལ་སྔོན་དང་སྐབས་རེ་ཕྱི་དྲོ་ཆུ་ཚོད་བཞི་པར་ནང་ལ་གསོལ་ཇ་བཞེས་པའི་སྐབས་སུ་ངའི་རྨོ་ལགས་ཀྱིས་ཡང་སེ་གསུང་གནང་གི་རེད། མ་ཟད་བོད་ཀྱི་ས་ཆ་གང་ས་ནས་སྟོད་ཉི་མ་ལྷ་ས་མཇལ་དུ་འགྲོ་ཟེར་ནས་ཇཱོ་ཁང་དང་གཙུག་ལག་ཁང་ལ་གནས་སྐོར་ཡོང་མཁན་མང་པོ་ཡོད་པ་རེད། མཆོད་མཇལ་ཞུ་འདོད་ཡོད་པའི་བོད་མི་མང་པོས་ཟླ་བ་ནས་ཟླ་བ་གོམ་པ་སྤོས་ནས་བོད་ཀྱི་རྒྱལ་ས་ལྷ་ས་ལ་ཕེབས་ཀྱི་ཡོད་པ་རེད། ཕྱི་ལོ་༡༩༥༩་ལོ་ལ་བོད་ས་རྒྱ་མིས་བཙན་འཕྲོག་བྱས་པ་མ་ཟད་རྒྱ་དམར་པོས་དགོན་པ་དང་རྩེ་པོ་ཏ་ལ་སོགས་གཏོར་ཤིག་བཏང་། སྐུ་འདྲ་རྣམས་གཏོར་བཤིག་བཏང་ནས་རིན་ཐང་ཅན་གྱི་གསེར་དངུལ་དང་རྩ་ཆེན་ཅ་ལག་རྣམས་རྒྱ་ནག་ལ་དབོར་འདྲེན་བྱས། བོད་མི་རྣམས་དམར་གསོད་བཏང་། རྒྱ་མི་རིགས་མང་པོ་ཞིག་ལྷ་སར་སྤོས་ནས་བོད་ཡུལ་དེ་རྒྱ་ཡུལ་དུ་འགྱུར་ཐབས་བྱས། བོད་ཀྱི་རིག་གཞུང་དང་སྐད་ཡིག་རྣམས་མེད་པ་བཟོ་དང་བཟོ་བཞིན་ཡོད་པ་མ་ཟད་༧་གོང་སམཆོག་ལ་དད་མོས་བྱེད་མཁན་རྣམས་བཙོན་འཇུག་དང་དམར་གསོད་བཏང་། བོད་ཀྱི་ལྷ་ས་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་དེ་དམྱལ་བའི་ཡུལ་འདྲ་བོ་བཟོ་བཞིན་ཡོད། ང་ཚོ་བོད་ཕྲུག་ཚོས་སློབ་སྦྱོང་ཡག་པོ་སྦྱངས་ནས་བོད་རྒྱལ་ས་ལ་སླར་ཡང་ལོག་ཐུབ་པའི་འབད་བརྩོན་ཧུར་ཐག་བྱེད་དགོས་སོ། །
