Skip to main content
ཤེས་རིག་ལས་ཁུངས།

བོད་མི་ཚང་མས་སོ་སོའི་སྐད་དང

བོད་མི་ཚང་མས་སོ་སོའི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས།

བསྟན་འཛིན་འཆི་མེད། དྷ་ཤོད་བོད་ཁྱིམ། འཛིན་གྲྭ་བརྒྱད་པ་འཁོར་ལོ། ༄༅། ། དེ་རིང་གི་རྩོམ་འདི་ནི་ད་ལྟའི་སྤྱི་ཚོགས་དང་འབྲེལ་བ་ཞིག་ཆགས་ཡོད། དེ་ཡང་བོད་སྐད་དང་བོད་ཡིག་སོགས་ང་ཚོ་བོད་པའི་རིག་གཞུང་དང་འབྲེལ་བ་ཡང་ཆགས་ཡོད་པ་མ་ཟད། དེ་རིང་གི་རྩོམ་འདི་ནི་ངའི་བློ་ངོར་གློ་བུར་དུ་འཆར་བ་མ་ཡིན་པར་དེ་སྔོན་ནས་ངའི་སེམས་ནང་ང་ཚོ་བོད་པའི་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པ་བསམ་མྱོང་ཡོད། དང་ཐོག་ངས་བོད་སྐད་དང་འབྲེལ་བའི་ཐོག་བཤད་ན་དེ་སྔོན་མི་རབས་གོང་མ་ཚོས་བོད་སྐད་གཙང་མ་བཤད་པ་དང་དེ་ནས་ང་ཚོའི་སྤོ་ལགས་དང་རྨོ་ལགས་ཚོའི་མི་རབས་ནང་སྐད་ཆར་སྐད་གཞན་པ་ག་ལེར་བསྲེས་པ་དང་། ང་ཚོའི་ཕ་མ་ཚོའི་མི་རབས་དང་ང་ཚོའི་མི་རབས་སམ་ད་ལྟའི་སྤྱི་ཚོགས་ཁྲོད་བོད་སྐད་གཙང་མ་ཤེས་ཀྱང་མ་བརྒྱབ་པ་དང་། མ་ཤེས་ནས་མ་བརྒྱབ་པ་སོགས་སྣ་ཚོགས་ཡོད། རྒྱ་གར་ནང་ཡོད་པའི་བོད་མི་ཚོས་བོད་སྐད་བརྒྱབ་ཀྱང་ཨིན་ཇི་དང་ཧིན་དྷིའི་སྐད་སོགས་བསྲེས་ནས་བོད་སྐད་འདི་ར་མ་ལུག་ལྟར་རྒྱག་གི་ཡོད་པ་མ་ཟད། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་མི་རྒན་པ་ཚོ་ཡིན་ན་བོད་སྐད་རྒྱག་ཐུབ་ཀྱང་ཁོ་ཚོའི་ཕྲུ་གུ་རྣམས་ཕྱི་ལ་དོན་སྐབས་ཕྱི་རྒྱལ་མི་རིགས་ཀྱི་ཁེངས་ནས་ཕྱི་རྒྱལ་བའི་མི་ལྟར་ཆགས་པ་དང་། སྐད་ལ་མཚོན་ན་བོད་སྐད་རྒྱག་མཁན་གྱི་རྩམ་ཟན་བོད་པ་ལས་ལུང་པ་དེའི་མི་མང་བ་ཡོད་པས་ཕྲུ་གུ་དེའི་ཨ་མཆོག་ལ་བོད་སྐད་གོ་བ་ནི་གསེར་གྱི་ཐིགས་པ་ལྟར་རེད། དེས་ན་ཁོའི་སོ་སོའི་སྐད་ངོ་མ་བོད་སྐད་དེ་ཕ་མ་དང་ནང་མིའི་ཞལ་ནས་མ་གཏོགས་མི་གོ་བས་ཁོང་རྣམ་པས་བོད་སྐད་གཙང་མ་རྒྱག་ཐབས་བྱེད་དགོས། གལ་ཏེ་ང་ཚོས་བོད་སྐད་གཙང་མ་མ་བརྒྱབ་ན་ཤུགས་ལ་སོ་སོས་སོ་སོར་དམའ་བེབས་བྱེད་པ་དང་གཉིས་སུ་མེད། གང་ཡིན་ཟེར་ན། དོན་དངོས་ཐོག་ང་ཚོར་ཚིག་མ་འདང་བའི་སེམས་ཁྲལ་མེད་ལ། ད་ལྟ་ང་རང་ཚོས་བོད་སྐད་བར་ལ་ཧིན་དྷི་དང་ཨིན་སྐད་བརྒྱབས་པ་ཚང་མ་ང་ཚོའི་སྐད་ཀྱི་ནང་ལ་ཡོད་པ་མ་ཟད། ང་ཚོས་བོད་སྐད་གཙང་མ་རྒྱག་རྒྱུ་དེ་ནི་༸ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ཡང་རེད། ང་ཚོ་བོད་ཀྱི་གཏམ་དཔེའི་ནང་། གཞན་གྱི་ཕ་སྐད་ཤེས་ན་བཟང་མོད་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ། ཞེས་པ་དེ་བདེན་པ་རེད། དེ་ནས་བོད་མི་ཚོས་བོད་ཡིག་ལས་ཨིན་ཇི་ལེགས་པ་བྲིས་པ་དང་ཨིན་ཇི་ལས་བོད་ཡིག་ཁག་པ་ཡོད་པ་བསམས་ནས་རང་གི་ཡི་གེ་ངོ་མ་ལ་མཐོང་མ་སྤྲད་ནས་ལུང་པ་གཞན་གྱི་ཕ་སྐད་དང་ཡི་གེ་ལ་ཡིད་སྨོན་སྐྱེས་པ་སོགས། ང་ཚོར་ཁོ་ཚོའི་སྐད་དང་ཡི་གེ་ཤེས་ན་ཁེ་བཟང་ཆེན་པོ་ཡོད་པ་བཞིན་བྱེད་ཀྱི་འདུག ངས་ལུང་པ་གཞན་གྱི་ཡི་གེའི་ལོ་རྒྱུས་སམ་བྱུང་ལུགས་བྱུང་སྟངས་མ་ཤེས་ཀྱང་། ང་ཚོ་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ཤིག་བཤད་ན་དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བློན་པོ་ཐོན་མི་སམ་བྷོ་ཊ་མཆོག་གིས་བོད་ནས་རྒྱ་གར་བར་ཚ་གྲང་གི་དཀའ་ངལ་དང་། བཀྲེས་སྐོམ་གྱི་དཀའ་ངལ། སྐད་ཀྱི་དཀའ་ངལ་སོགས་ལ་གདོང་ལེན་གནང་ནས་མཐར་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར། དེ་ནས་ཁོང་གིས་རྒྱ་གར་གྱི་སློབ་དཔོན་མང་པོའི་ཞབས་ལ་གཏུགས་ནས་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྦྱར་སྐད་སྦྱངས་པ་རེད། དེ་དང་ལྷན་ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་ང་ཚོའི་བོད་པའི་གསལ་བྱེད་སུམ་ཅུ་དང་དབྱངས་བཞིའི་ཡོད་པའི་ཐུན་མོང་མ་ཡིན་པའི་བོད་ཡིག་འདི་བཟོས་གནང་བ་རེད། བྱས་ཙང་ང་ཚོའི་ལས་འགན་འདི་ནི་ཁོང་གིས་སྐུ་ངལ་བསྐྱོན་ནས་བཟོས་གནང་བའི་ཐུན་མོང་མ་ཡིན་པའི་བོད་ཡིག་འདི་ང་ཚོས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་རེད། འོན་ཀྱང་ད་ལྟ་ང་ཚོའི་བྱེད་སྟངས་དེར་བལྟ་དུས་ཁོང་ལ་གདོང་བསྟན་མི་ནུས་པའི་བྱ་བ་ཞིག་རེད་འདུག ཡང་ད་ལྟའི་སྤྱི་ཚོགས་ཁྲོད་བོད་མི་མང་པོ་ཞིག་རང་གི་ཕ་སྐད་ནང་ཡོད་པའི་བོད་གཞས་རིགས་ལ་སྤྲོ་སྣང་དང་དགའ་སྣང་མེད་པ་མ་ཟད། སྦྱོང་འདོད་དམ་ཉན་འདོད་མེད་པའི་སྒང་ལ་ལུང་པ་གཞན་གྱི་གཞས་སོགས་དཔེར་ན་ཨིན་ཇི་དང་ལྷོ་ཀོ་རི་ཡེའི་གཞས་ལ་སྤྲོ་སྣང་ཆེན་པོས་ཉན་པ་དང་། དེ་ཚོ་སྦྱང་རྒྱུའི་ཆེད་དུ་དུས་ཚོད་མང་པོ་བཏང་བ་སོགས་བྱེད་ཀྱི་འདུག དོན་དངོས་ཐོག་ང་ཚོའི་བོད་གཞས་འདི་ལ་བཙན་བྱོལ་དང་བོད་ནས་དེང་དུས་ཀྱི་གཞས་དང་སྲོལ་རྒྱུན་གྱི་གཞས་ནང་མ་སྟོད་གཞས་དང་སྟོད་གཞས་སོགས་སྣ་མིན་སྣ་ཚོགས་ཡོད་ལ་དེ་ཚོའི་ཚིག་དེ་ཚོ་ཡང་གོ་བདེ་པོ་དང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཙམ་དུ་མ་ཟད་ང་ཚོའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒོར་གཞས་དང་རོལ་ཆ། དམིགས་བསལ་རོལ་ཆ་སྒྲ་སྙན་ནི་བོད་པའི་རོལ་ཆ་དངོས་ལས་ལུང་པ་གཞན་གྱིས་རོལ་ཆ་ཞིག་མིན་པས་ཉུང་མཐར་ང་ཚོས་སྒྲ་སྙན་འདི་ཤེས་ན་ཡག། ང་ཚོའི་མི་རབས་གོང་མ་མང་ཆེ་བ་སློབ་གྲྭའི་དུས་སུ་རོལ་ཆའི་རིགས་སྦྱང་རྒྱུའི་དམིགས་བསལ་གོ་སྐབས་མང་པོ་ཐོབ་མེད། འོན་ཀྱང་ང་དང་ང་འདྲ་བའི་སློབ་ཕྲུག་ཚོར་མཚོན་ན། རོལ་ཆ་སྣ་མིན་སྣ་ཚོགས་སྦྱང་རྒྱུའི་གོ་སྐབས་བཟང་པོ་ཡོད་ལ་མཐུན་རྐྱེན་ཡང་བཟང་པོ་ཡོད་པས་ང་ཚོས་ཉུང་མཐར་རོལ་ཆ་ཞིག་ཤེས་པ་དགོས། འོན་ཀྱང་དེང་སང་སློབ་ཕྲུག་ཁ་ཤས་རང་གི་རིག་གཞུང་དང་འབྲེལ་བའི་རོལ་ཆ་དང་གཞས། བོད་ཡིག རིགས་ལམ་དང་ནང་ཆོས་སོགས་སྦྱོང་སྐབས་དང་པོ་ནས་དེ་ནི་ཉོབ་སྣང་ཆེ་བའི་བྱ་བ་ཞིག་དང་། མགོ་འཚོས་ཀྱི་མེད་པ་མ་ཟད། གཞས་དེ་ཚོ་གཅིག་ལས་གཅིག་ཁག་པ་འདུག་ཅེས་རང་གི་ཀླད་པར་བརྡ་ལན་ངན་པ་ཞིག་སྤྲོད་པ་དང་ལྷན་ཀླད་པའི་ནང་འཛུལ་སྒོ་དེ་དང་པོ་ནས་བཀག་པ་རེད། དོན་དངོས་ཐོག་བོད་ཡིག་དང་། རིགས་ལམ། ནང་ཆོས། གཞས། […]

བརྗེད་དཀའ་པའི་དྲིན་ཆེན་ཕ་མ།

བརྗེད་དཀའ་པའི་དྲིན་ཆེན་ཕ་མ།  

ཚེ་རིང་སྒྲོལ་མ། ཅོན་ཏཱ་ར་བོད་ཁྱིམ། འཛིན་གྲྭ་བརྒྱད་་པ། འཁོར་བ་ཆེན་པོ་འདིའི་ནང་བྱམས་བརྩེའི་ནུས་སྟོབས་ལྡན་པའི་ཕ་མ་མང་པོ་ཡོད་པ་བཞིན་གུས་མོ་ལའང་བྱམས་བརྩེ་ཅན་གྱི་ཕ་མ་གཉིས་ཡོད། ཁོང་གཉིས་མེད་ན་གུས་མོ་ལ་དལ་འབྱོར་མི་ལུས་རིན་ཆེན་བཟང་པོ་འདི་ལྟ་བུ་ཡོང་ཐབས་མེད། ཁོང་གཉིས་ཀྱི་བྱམས་བརྩེ་ནི་རིན་ཆེན་གསེར་ལས་རིན་ཐང་ཆེ་ཞིང་། ཁོང་གཉིས་ནི་དགེ་རྒན་དང་པོ་དེ་ཡིན། དེ་ཡང་གུས་མོ་གོམ་པ་སྤོ་མ་ཐུབ་པ་དང་ཚ་གྲང་དབྱེ་མི་ཤེས་ཤིང་། སྨྲ་མ་ཐུབ་པའི་ཉིན་དང་པོ་ནས་ཕ་མས་བསླབས་ཡོད་པ་རེད། རང་ཉིད་ལ་ན་ཚ་ཆུང་ཚགས་ཀྱང་མི་བཞག་པར་གསོ་སྐྱོང་གནང་གི་ཡོད་པ་མ་ཟད། ཞོགས་པ་སྔ་པོ་རྟ་བདུན་གྱི་དབང་པོ་ཤར་བ་ནས་དགོང་མོ་འོད་དཀར་ཅན་གྱི་ཟླ་བ་མ་ཤར་བར་དུ་དཀའ་སྤྱད་ཀྱིས་ལས་ཀ་མང་པོ་བསྒྲུབ་ཡོད་ཚད་ངའི་ཆེད་དུ་ཡིན་པ་མ་ཟད། དེའི་དངུལ་རྣམས་གུས་མོའི་ཆེད་དུ་སྤུས་ལེགས་ཀྱི་སློབ་གྲྭར་གཏོང་གི་ཡོད་པ་མ་ཟད། སྐབས་རེ་ངའི་ཆེད་དུ་མི་མང་པོ་མཉམ་དུ་རྩོད་པ་རྒྱབ་ཀྱི་འདུག ཕ་མའི་བྱམས་བརྩེའི་ཞལ་རས་ནི་ངའི་དྲན་པའི་ངོས་སུ་རྡོ་བརྐོས་རི་མོ་བཞིན་དུ་དུས་རྟག་ཏུ་གསལ་ལེར་ཤར་གྱི་འདུག གུས་མོ་ང་ལ་མི་ལུས་རིན་ཆེན་སྦྱིན་མཁན་ཕ་མ་ཡིན། ང་ལ་ཚེ་སྲོག་གནང་བའི་ཕ་མ་ཡིན། རང་གི་ཡོད་ཚད་བློས་བཏང་བྱས་ནས་སྐྱེད་སྲིང་བྱེད་མཁན་ཕ་མ། ཁྱེད་གཉིས་ཀྱི་བཀའ་དྲིན་དེ་ཉི་མ་དང་ཟླ་བ་སུ་གང་གི་ཡང་མཚོན་པར་མི་ནུས། སོ་སོ་ཕ་མ་གཉིས་འཁྲིད་དེ་འཛམ་གླིང་བསྐོར་བ་གསུམ་བརྒྱབ་ཀྱང་དྲིན་ལན་མཇལ་མི་ཐུབ། མ་ཟད་ཡོད་ཚད་བུ་མོ་ང་ལ་སྤྲད་ཡོད་པས། གུས་མོས་རིག་པ་ཡོད་རྒུ་རྩ་དྲུག་བཏོན་ནས་སློབ་སྦྱོང་ལ་འབད་ལ་བྱེད་ངེས་ཡིན་པ་དང་སོ་སོ་ཆེན་པོ་ཆགས་དུས་སོ་སོའི་ཕ་མ་གཉིས་ལ་བཀའ་དྲིན་འཇལ་ཐུབ་པ་བྱ་རྒྱུ་དེ་ཕྲུ་གུ་ང་ཚོའི་ལས་འགན་ཞིག་ཡིན་པ་མ་ཟད། བཀའ་དྲིན་འཇལ་མ་ཐུབ་ན་ཡང་ཕ་མའི་ཁ་ལ་ཉན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ། ཕ་མ་ཞེས་པ་དེ་ཁྲོམ་ནས་ཉོ་རྒྱུ་མེད་ལ་ཚོང་རྒྱུ་ཡང་མེད། བྱམས་ལྡན་གྱི་ཕ་མའི་མིག་ནས་མཐོང་རྒྱུ་དང་རེག་རྒྱུ་ནི་གུས་མོ་ལས་མེད་ཅིང་། ཕྲུ་གུ་ཀུན་གྱི་ནང་ནས་རང་གི་ཕྲུ་གུ་ནི་སྙིང་རྗེ་ཤོས་དང་གཟེངས་སུ་ཐོན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལས། ནམ་ཡང་མི་སྡུག་ཅག་ཡིན་པ་ཞིག་ལ་བརྩི་ཡི་མེད། རང་གི་ཕྲུ་གུ་དེར་ག་དུས་ཡིན་ཡང་སྨད་ར་གཏོང་གི་མེད་པ་མ་ཟད། རང་གི་མི་ཚེ་ཡོངས་རྫོགས་རང་གི་ཕྲུ་གུའི་དོན་དུ་སེམས་བཞིན་ཡོད་པ་མ་ཟད། སོ་སོའི་ཕ་མ་གཉིས་པོའི་བཀའ་དྲིན་མི་བསམ་ན་དེ་འདྲ་བའི་བསླབ་བྱ་རྒྱག་མཁན་སུ་ཡང་ཁྱེད་ཀྱི་འགྲམ་དུ་ཡོང་གི་མ་རེད།   སོ་སོ་ལ་དཀའ་ངལ་འཕྲད་དུས་སུ་གང་གི་ཡང་རོགས་པ་མི་བྱེད་ལ་སོ་སོའི་ཕ་མ་མ་གཏོགས་མེད། དུས་རྟག་ཏུ་གུས་མོ་རང་ཉིད་ལ་བཟང་སྤྱོད་ལྡན་པའི་སློབ་གསོ་གནང་མཁན་ནི་ཕ་མ་ཁྱེད་རང་གཉིས་ལས་མེད། ། ངས་ཁྱེད་གཉིས་མི་ཚེའི་ནང་བརྗེད་མི་སྲིད་ལ་འཛམ་གླིང་འདིའི་ནང་ཁྱེད་རང་གཉིས་ལས་ལྷག་པ་ང་ལ་སུ་ཡང་མེད་པ་མ་ཟད། ད་ལྟ་བདག་སྐྱིད་པོ་བྱས་ནས་སྡོད་རྒྱུ་ཡོད་པ་དེ་ཡང་ཕ་མ་རང་གཉིས་ཀྱི་བཀའ་དྲིན་ཡིན། གུས་མོས་བྱམས་བརྩེ་ལྡན་པའི་ཕ་མའི་དྲིན་ལན་འཇལ་ཐུབ་པ་བྱེད་ཀྱི་ཡིན། དུས་རྟག་ཏུ་བདག་གི་ཕ་མའི་སྐུ་ཚེ་ཡུན་རིང་བརྟན་པའི་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད། ནམ་མཁའི་སྐར་མ་ཤར་དུས། ། ཁོང་གཉིས་ཞལ་རས་དྲན་བྱུང་། ། གནམ་ལ་ཟླ་བ་ཤར་དུས། ། དྲིན་ཆེན་ཕ་མ་དྲན་བྱུང་། །

བོད་ཀྱི་རྒྱལ་ས་ལྷ་ས།

བོད་ཀྱི་རྒྱལ་ས་ལྷ་ས།

བསྟན་འཛིན་ཀུན་དགའ། སཾ་བྷོ་ཊ་ཀོ་ལེ་གྷལ། འཛིན་གྲྭ་བདུན་པ། འཛམ་གླིང་ས་ཡི་ཡང་ཐོག་ཏུ་ཆགས་པའི་བོད་ཀྱི་རྒྱལ་ས་ལྷ་ས་ནི་ང་ཚོ་བོད་མི་རྣམས་ཀྱི་རྒྱལ་ས་རེད། ལྷ་ས་ནི་མཛེས་སྡུག་ལྡན་ཞིང་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་ཡོད། བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཙོ་བོ་ཆེ་ཤོས་ཕོ་བྲང་པོ་ཏཱ་ལ་ཡོད། བརྗིད་ཆགས་ཀྱི་ཕོ་བྲང་པོ་ཏཱ་ལ་ནི་སྔོན་ཆོས་རྒྱལ་རིམ་བྱོན་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་བཞེངས་གནང་བ་དང་བཞུགས་གནས་ཀྱང་ཡིན། མ་ཟད་བོད་ས་མ་ཤོར་སྔོན་༸ གོང་ས་མཆོག་དགུན་ཁ་ལ་རྩེ་ཕོ་བྲང་པོ་ཏ་ལའི་ནང་དུ་བཞུགས་པ་དང་དབྱར་ཁ་ཚ་བ་ཆེ་བའི་སྐབས་སུ་ཕོ་བྲང་ནོར་བུ་གླིང་ཁའི་ནང་བཞུགས་ཀྱི་ཡོད། གཞན་ཡང་རྩེ་ཕོ་བྲང་པོ་ཏཱ་ལའི་ཉེ་འཁོར་དུ་བོད་ཀྱི་སྐད་གྲགས་ཆེ་བའི་ནང་ཆོས་དང་ལྟ་གྲུབ་ཀྱི་སྐོར་སློབ་སྦྱོང་བྱེད་ས་སེར་འབྲས་དགའ་གསུམ་གྱི་དགོན་པ་ཡང་དེའི་ཉེ་འཁོར་དུ་ཆགས་ཡོད། རྒྱལ་ས་ལྷ་སའི་མིང་གཞན་ལ་ལྷ་ལྡན་ཞེས་འབོད་སྲོལ་ཡོད་པ་ངའི་རྨོ་ལགས་ཀྱིས་གསུངས་གནང་གི་འདུག བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་དུས་རབས་བདུན་པའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་པའི་ཇཱོ་ར་མོ་ཆེ་གཙུག་ལ་ཁང་དང་རཱ་ས་འཕྲུལ་སྣང་གཙུག་ལག་ཁང་ཡང་ཡོད། དེ་གཉིས་ནི་བོད་ཀྱི་ལྷ་ཁང་རྙིང་ཤོས་གྲས་རེད། དེ་དང་འདྲ་བ་བོད་ཀྱི་ས་ཆ་གང་སར་དགོན་པ་རྙིང་པ་མང་པོ་ཡོད་རེད། དཔེར་ན། བསམ་ཡས་གཙུག་ལག་ཁང་དང་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་སོགས་རེད། གཞན་ཡང་སྨན་ཁང་དང་རྩིས་ཁང་། རྩེ་སློབ་གྲྭ་སོགས་ནི་ཕོ་བྲང་པོ་ཏ་ལའི་ནང་ཡོད་རེད། གནས་ཚུལ་དེ་ཚོ་དགོང་མོ་མ་ཉལ་སྔོན་དང་སྐབས་རེ་ཕྱི་དྲོ་ཆུ་ཚོད་བཞི་པར་ནང་ལ་གསོལ་ཇ་བཞེས་པའི་སྐབས་སུ་ངའི་རྨོ་ལགས་ཀྱིས་ཡང་སེ་གསུང་གནང་གི་རེད། མ་ཟད་བོད་ཀྱི་ས་ཆ་གང་ས་ནས་སྟོད་ཉི་མ་ལྷ་ས་མཇལ་དུ་འགྲོ་ཟེར་ནས་ཇཱོ་ཁང་དང་གཙུག་ལག་ཁང་ལ་གནས་སྐོར་ཡོང་མཁན་མང་པོ་ཡོད་པ་རེད། མཆོད་མཇལ་ཞུ་འདོད་ཡོད་པའི་བོད་མི་མང་པོས་ཟླ་བ་ནས་ཟླ་བ་གོམ་པ་སྤོས་ནས་བོད་ཀྱི་རྒྱལ་ས་ལྷ་ས་ལ་ཕེབས་ཀྱི་ཡོད་པ་རེད། ཕྱི་ལོ་༡༩༥༩་ལོ་ལ་བོད་ས་རྒྱ་མིས་བཙན་འཕྲོག་བྱས་པ་མ་ཟད་རྒྱ་དམར་པོས་དགོན་པ་དང་རྩེ་པོ་ཏ་ལ་སོགས་གཏོར་ཤིག་བཏང་། སྐུ་འདྲ་རྣམས་གཏོར་བཤིག་བཏང་ནས་རིན་ཐང་ཅན་གྱི་གསེར་དངུལ་དང་རྩ་ཆེན་ཅ་ལག་རྣམས་རྒྱ་ནག་ལ་དབོར་འདྲེན་བྱས། བོད་མི་རྣམས་དམར་གསོད་བཏང་། རྒྱ་མི་རིགས་མང་པོ་ཞིག་ལྷ་སར་སྤོས་ནས་བོད་ཡུལ་དེ་རྒྱ་ཡུལ་དུ་འགྱུར་ཐབས་བྱས། བོད་ཀྱི་རིག་གཞུང་དང་སྐད་ཡིག་རྣམས་མེད་པ་བཟོ་དང་བཟོ་བཞིན་ཡོད་པ་མ་ཟད་༧་གོང་སམཆོག་ལ་དད་མོས་བྱེད་མཁན་རྣམས་བཙོན་འཇུག་དང་དམར་གསོད་བཏང་། བོད་ཀྱི་ལྷ་ས་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་དེ་དམྱལ་བའི་ཡུལ་འདྲ་བོ་བཟོ་བཞིན་ཡོད།   ང་ཚོ་བོད་ཕྲུག་ཚོས་སློབ་སྦྱོང་ཡག་པོ་སྦྱངས་ནས་བོད་རྒྱལ་ས་ལ་སླར་ཡང་ལོག་ཐུབ་པའི་འབད་བརྩོན་ཧུར་ཐག་བྱེད་དགོས་སོ། །

ཆར་དུས་ཀྱི་ཉིན་ཞིག

ཆར་དུས་ཀྱི་ཉིན་ཞིག

ལེན་ག་འཛོམས་པ། ཅོན་ཏ་ར་བོད་ཁྱིམ། འཛིན་གྲྭ་བདུན་པ་གདུགས། གུས་མོ་ནི་ཆར་པ་ལ་དམིགས་བསལ་གྱིས་དགའ་སྣང་ཆེན་པོ་ཞིག་ཡོད། དེ་ཡང་ན་ནིང་དབྱར་ཁའི་ཉིན་གུང་ཞིག་ལ། གུས་མོ་ངོས་རང་དང་ཨ་མ་ལགས་གཉིས་ཤར་རིའི་འཕགས་ནས་རྟ་བདུན་དབང་པོ་འཆར་ལ་ཉེ་བའི་སྐབས། མལ་ནས་ལངས་ཏེ་ཏོག་རྩེ་ཁ་ཤས་ཤིག་འཁྱེར་ནས། ཞིང་ནང་དུ་ཚལ་ཞིང་གདབ་པར་ཕྱིན་པ་ན། གནམ་གཤིས་དྭངས་ཤིང་རླུང་བསིལ་པོ་གཡོ་ཞིང་ཚ་དྲོད་སྙོམས་ཡོད་སྟབས། གྱོན་ཆས་ཀྱང་སྲིན་བལ་ལས་བྱས་པའི་གོས་སྲབ་པོ་ཞིག་གྱོན་ཡོད་ལ། ཨ་མ་ལགས་ཀྱང་དེ་མཚུངས་གོས་སྲབ་མོ་ཞིག་གྱོན་ཡོད། ཞིང་རྨོས་ཏེ་དུས་ཚོད་ཀྱི་ཆུ་བོ་ཇི་ལྟར་བཞུར་བའང་མ་ཤེས་པར་འཚམས་ཤིག་ལ་གསེར་མདོག་གི་ཉི་མ་དེ་སྤྲིན་ནག་གིས་བསྒྲིབས་ཤིང། ཤར་ལྷོའི་གྲང་རླུང་འུར་འུར་དུ་ལྡང་བས་ལོ་འདབ་མེད་པའི་རྩི་ཤིང་ཐམས་ཅད་གྲང་བའི་ངུ་སྐད་འདོན་ལ། ང་ཡང་རང་དབང་མེད་པར་གྲང་ངར་གྱི་ཚོར་བ་ཞིག་སྐྱེས། ངོས་ཀྱི་ཨ་མས་ད་དུང་ཞིང་རྨོས་ནས་བསྡད་པས་ཡུད་ཙམ་རྗེས་འབྲུག་སྒྲ་དང་གློག་དམར་བཅས་འུར་འུར་གྱི་སྒྲ་སྒྲོག་མ་ཐག་ཏུ་ཆར་པ་ཤག་ཤག་འབབ་བྱུང། ངོས་ཀྱི་ཨ་མ་ལགས་ཀྱིས་ལག་ཆ་ཆ་ཚང་མྱུར་དུ་བསྡུས་ཏེ་ཁྱིམ་དུ་ཕྱིར་ལོག་རྩིས་བྱེད་སྐབས། ཨ་མས། ཨ་ཁ། མདང་དགོང་ཁང་པའི་ཐོག་ཏུ་སྐམ་པའི་ཕྱུར་བ་རྣམས་བསྡུ་རྒྱུ་མ་བྱུང་སྟབས། དེ་ཆ་ཚང་འཕྲོ་བརླག་འགྲོ་ཉེན་འདུག་པས། ད་ཅི་ཞིག་བྱེད་རྒྱུ་ཞེས་སྨྲས་པར། ང་ནི་སྟོད་གོས་སྲབ་མོ་ཞིག་ལས་གྱོན་མེད། ཡིན་ནའང་གུས་མོ་ང་རང་ནི་ཆར་པར་དགའ་བའི་བོུ་ཞིག་ཡིན་དུས། ཨ་མས་ཁྱེད་སྔོན་དུ་མགྱོགས་པོར་བརྒྱུག་སྟེ་ལག་ཆ་རྣམས་ཁྱེར་ཤོག་ཅེས་མངགས། དེའི་རྗེས་ཨ་མ་ལགས་རང་ཁྱིམ་དུ་ཕྱིར་སློག་བཏང་ཡང། ཨ་མའི་སེམས་ནང་བོུ་ང་ཆར་དཀྱིལ་དུ་འགྲོ་བསྡད་ན་གོས་ཚང་མ་ཆར་པས་སྦང་ནས་ལུས་ལ་ཚ་བ་འབར་གྱི་རེད་བསམ་སྟེ་སེམས་འཚབ་ལངས། སྟབས་ལེགས་པ་ཞིག་ལ་བོུ་ངས་ལག་ཆ་བསྡུས་ཟིན་ནས་འཁྱེར་ཡོང་དུས་ལམ་བར་དུ་ཆར་པས་སྦངས་ཤིང་གླུ་ལེན་གྱིན་ལེན་གྱིན་ཁྱིམ་དུ་འབྱོར། ནང་དུ་སླེབས་མ་ཐག་དུག་ལོག་རློན་པ་རྣམས་ཕུད་དེ་བརྗེས་ཟིན་པ་དང། ཨ་མ་ལགས་ཀྱིས་ངའི་ཕོར་པའི་ནང་རྩམ་ཐུག་ཚ་པོ་གང་འཁྱེར་ཡོང་ནས། བུ་མོ། རྩམ་ཐུག་གང་འཐུང་དང། གཟུགས་པོར་དྲོད་སྐྱེད་ཀྱི་རེད། ཅེས་གསུངས་བྱུང། ཐུག་པ་འཐུང་ཟིན་པ་དང་གཟུགས་པོ་འཁྲུད་དེ་མལ་གྱི་སྟེང་དུ་བསྡད། སྒེའུ་ཁུང་གི་ཤེལ་ནས་ལྟ་དུས། ཆར་ཐིག་རེ་རེ་བཞིན་ཤེལ་ལ་འབབ་པར་མཐོང་བ་དང་། ཅང་མ་འགོར་བར་བོུ་ངོས་རང་གཉིད་དུ་ཡུར། དུས་ཡུན་གང་འཚམས་རྗེས་བུ་མོ་ང་རང་སླར་ཡང་གཉིད་ལས་སད་དེ་སྒེའུ་ཁུང་ནས་ལྟ་དུས་ཆར་ཐག་ཆོད་ཡོད་པ་ཤེས་ཚོར་བྱུང་རྗེས། ཕྱི་ལོག་གི་རྩི་ཤིང་ལ་ལྟ་དུས་ཚང་མ་གཟུགས་པོ་བཀྲུས་པ་ལྟར་གཙང་ཐེང་ངེར་ཆགས་པར་བརྟེན། གཡས་གཡོན་ཡུལ་ལྗོངས་ཀྱང་མཛེས་སྡུག་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་བར་མཐོང། ཕྱི་ཉིན་ནས་བཟུང་ཆར་པ་ག་དུས་བརྒྱབ་པ་ཡིན་ནའང་གུས་མོའི་སེམས་ལ་ཉིན་མོ་དེ་དྲན་པའི་ཡུལ་དུ་འཆར་ཡོང་གི་འདུག

༸གོང་ས་མཆོག ཁྱེད་ཀྱི་བཀའ་དྲ

༸གོང་ས་མཆོག ཁྱེད་ཀྱི་བཀའ་དྲིན་དྲན།

བསྟན་འཛིན་དབང་མོ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བདུན་པ། བོད་གངས་ཅན་གྱི་ལྷ་སྐལ་བྱང་ཆུབ་སེམས་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་བོད་ཤིང་ཕག་ཟླ་༥ཚེས་༥ཕྱི་ལོ་༡༩༣༥ལོར་ཞིང་པའི་ཁྱིམ་ཚང་ཞིག་གི་ནང་སྐུ་བལྟམས་ཤིང་ཡབ་ཡུམ་གཉིས་ཀྱིས་མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། ལྷ་བླ་མའི་བཀའ་ལུང་དང་མཚན་བལྟས་བཟང་པོ་ལ་བརྟེན་ནས་དགུང་ལོ་༢ལ་སོན་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ནས་ནང་མི་ལྷན་རྒྱས་ལྷ་ལྡན་རྒྱལ་སར་གདན་དྲངས། ༡༩༤༠ ཟླ་ ༢ ཚེས་ ༢༢ དགུང་ལོ་བཞི་དང་ཕྱེད་ཀའི་ཐོག་གསེར་ཁྲིར་མངའ་གསོལ་ཞིང་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞེས་གསོལ། དགུང་ལོ་དྲུག་ལ་སོན་སྐབས་བོད་ཡིག་གི་རྨང་གཞིའི་འབྲི་ཀློག་དང་རིག་པའི་གནས། ནང་པའི་ལྟ་གྲུབ་བཅས་ལ་གསན་སྦྱོང་དབུ་འཛུགས་གནང་བ་རེད། ༡༩༥༡ལོར་རྒྱ་དམར་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱས་པ་དང། བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་དུ་གྱུར། དགུང་ལོ་༡༦ལ་སོན་སྐབས་བཀའ་ཤག་དང་རྒྱལ་ཡོངས་ཚོགས་འདུ་ནས་གསོལ་འདེབས་ཞུས་པ་བཞིན་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་དགོས་བྱུང། ༡༩༥༤ལོར་རྒྱ་ནག་ལ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་དུ་བོད་ཀྱི་གནས་སྟངས་སྐོར་ལ་བཀའ་སྡུར་གནང། ༡༩༥༦ལོར་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་ངོ་༢༥༠༠འཁོར་བའི་དུས་དྲན་ལ་རྒྱ་གར་དུ་ཕེབས་ཏེ་རྒྱ་གར་སྲིད་འཛིན་ནེཧ་རུ་དང་མཇལ་འཕྲད་ཞུས། ༡༩༥༩ལོར་བོད་མི་མང་ནས་སྒེར་ལངས་བྱས་པར་རྒྱ་ནག་གིས་དྲག་གནོན་ཚབས་ཆེན་བྱས་ཏེ་བོད་མི་ཁྲི་ཁྲག་མང་པོ་རྐྱེན་འདས་སུ་གྱུར། སྐབས་དེ་དུས་བོད་ནང་ཞི་འཇམ་ཡོང་ཐབས་མེད་སྟབས་༸གོང་ས་མཆོག་ཁོང་གི་རྗེས་སུ་བོད་མི་སྟོང་ཕྲག་མང་པོ་ཧི་མ་ལ་ཡའི་རི་རྒྱུད་བརྒྱུད་དེ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང། ༡༩༦༠ལོར་༸གོང་ས་མཆོག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་བཙན་བྱོལ་བོད་གཞུང་གསར་དུ་བཙུགས་གནང་བ་རེད། བོད་གཞུང་ནས་བོད་དོན་སྐོར་མཉམ་འབྲེལ་རྒྱལ་ཚོགས་ལ་སྙན་གསེང་ཞུ་སྐབས། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་ལྷན་ཁང་གི་ཚོགས་མི་ཡིན་པས་བོད་དོན་གླེང་སློང་བྱེད་རྒྱུར་བཀག་འགོག་བྱས་ཡོད་པ་རེད། ༸གོང་ས་མཆོག་གིས་བཙན་བྱོལ་ནང་བོད་མི་རིགས་ཀྱི་རིག་གཞུང་དང་བོད་པའི་ངོ་བོ་འཚོ་གནས་ཐུབ་ཆེད་བོད་མིའིི་གཞིས་ཆགས་དང་ཆོས་སློབ་གཉེར་བྱེད་སའི་དགོན་སྡེ། མ་འོངས་པའི་སོན་རྩ་བོད་ཕྲུག་ཚོ་སློབ་སྦྱོང་བྱེད་སའི་བོད་པའི་སློབ་གྲྭ་ཟུར་དུ་གསར་འཛུུགས་གནང་ཐུབ་པ་བྱུང་ཡོད། ༸གོང་ས་མཆོག་ནི་དམིགས་བསལ་ང་ཚོ་བོད་མི་ཚོར་བཀའ་དྲིན་རྒྱ་མཚོ་ལས་གཏིང་ཟབ་པ་ཡིན། ཁོང་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་ཚོ་རྒྱ་གར་ནང་བདེ་ཞིང་སྐྱིད་པའི་ངང་འཚོ་བ་སྐྱེལ་རྒྱུ་བྱུང་བ་དང། བོད་ཕྲུག་ཚོར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང། ༸གོང་ས་མཆོག་ནི་ང་ཚོའི་རྩ་བའི་བླ་མ་ཡིན་པ་མ་ཟད་དགེ་བའི་བཤེས་གཉེན་ཡང་ཡིན། དེང་སྐབས་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ང་ཚོ་གཙུག་ལག་ཁང་གི་མདུན་ཐང་དུ་༸གོང་ས་མཆོག་གི་གསུང་ཆོས་ཞུ་རྒྱུའི་གོ་སྐབས་མེད་ཀྱང་། ཁོང་གིས་ང་ཚོ་དང་འཛམ་གླིང་ཡོངས་ཀྱི་དད་ལྡན་པ་ཚོའི་ཆེད་དུ་དྲྭ་ཐོག་ནས་སྐུ་ངལ་འཛེམས་མེད་ཀྱིས་གསུང་ཆོས་གནང་སྟེ་ཐད་གཏོང་གནང་བ་དང་། ང་ཚོས་ཁོང་གི་གསུང་ཐོས་པ་དང་ཞལ་རས་ཀྱང་མཇལ་ཐུབ་ཀྱི་ཡོད། ༸གོང་ས་མཆོག་གིས་ཉིན་ལྟར་སེམས་སྐྱིད་པོའི་ངང་སྡོད་དགོས་པ་དང། ཉམ་ཐག་རྣམས་ལ་རོགས་རམ་བྱེད་པ། སེམས་བཟང་པོ་བྱེད་རྒྱུ་བཅས་ནི་ཆོས་ཀྱི་རྩ་བ་ཡིན་ཞེས་གསུང་གི་འདུག འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་བྱེེད་པ་དང། ཕྱི་རྒྱལ་སོགས་ས་ཐག་རིང་པོ་ནས་དད་ལྡན་ཆོས་ཞུ་བ་མང་པོ་རྒྱ་གར་དུ་ཁོང་གི་ཞལ་རས་མཇལ་བ་དང་བཀའ་སློབ་ཞུ་བར་ཡོང་གི་ཡོད། ༸གོང་ས་མཆོག་གི་དགའ་ལྡན་ཕོ་བྲང་ནས་དུས་རྒྱུན་དུ་འཚོ་བར་དཀའ་ངལ་ཡོད་མཁན་རྣམས་ལ་རོགས་རམ་གནང་གི་ཡོད། ༸གོང་ས་མཆོག་ནི་འཛམ་གླིང་ནང་ནས་སེམས་བཟང་ཤོས་དང་གཞན་ལ་ཕན་ཐོགས་སྒྲུབ་མཁན་གྱི་དབུ་ཁྲིད་བཟང་པོ་ཞིག་རེད། ཁོང་གིས་རྟག་ཏུ་འཛམ་གླིང་ཞི་བདེའི་ཆེད་དུ་སྐུ་ལས་མང་པོ་སྐྱོན་སྟབས་༡༩༨༩ལོར་འཛམ་གླིང་ནང་གི་གཟེངས་རྟགས་ཆེ་ཤོས་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་གནང་བ་རེད། ཁོང་གིས་འཛམ་གླིང་ཡོངས་ལ་ཕེབས་ཏེ་དད་ལྡན་ཆོས་ཞུ་བ་དང། མི་དམངས་རྣམས་ལ་བྱམས་སྙིང་རྗེ་ནི་ཆོས་ལུགས་ཐམས་ཅད་ཀྱི་རྩ་བ་དང། ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དགོས་སྐོར་བཀའ་སློབ་གནང་མུས་ཡིན།

ཐེམ་སྤང་བཀག་རྒྱའི་འོག་གི་སླ

ཐེམ་སྤང་བཀག་རྒྱའི་འོག་གི་སློབ་གཉེར།

རིག་རྣམ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བདུན་པ། ཁ། ཕྱི་ལོ་ཉིས་སྟོང་དགུ་དང་ཉི་ཤུའི་ལོ་འདི་ནི་ཅི་འདྲའི་ལོ་ནག་ཅིག་རེད་ཨང། རྒྱ་གུང་ཁྲན་གྱིས་མིའི་རིགས་ལ་ནད་ཡམས་འཇིགས་སུ་རུང་བ་ཞིག་བཟོས་ཏེ་ད་ལྟའི་ཆར་གོ་ལ་ཡོངས་ལ་ཁྱབ་གདལ་དུ་འགྲོ་བཞིན་པའི་ནད་ཡམས་འདི་འདྲ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པ་ཞིག་རེད། གཉན་སྲིན་དེའི་བཟོ་ལྟ་ཏོག་དབྱིབས་སུ་གྲུབ་སྟབས་དེའི་མིང་ལ་ཡང་ཏོག་དབྱིབས་གཉན་སྲིན་ཞེས་གྲགས། ནད་ཡམས་འདི་ནི་ཉེན་ཚབས་ཤིན་ཏུ་ཆེ་བའི་གཉན་སྲིན་ཞིག་ཡིན་ལ་ཁྱབ་གདལ་འགྲོ་ཤིན་ཏུ་མྱུར་བས་ལས་ཁུངས་དང་སློབ་གྲྭ། ཞིང་ལས། ཚོང་ཁང། མདོར་ན་ཐམས་ཅད་སྔར་གྱི་འཚོ་ཐབས་ཚོང་གཉེར་ཆོག་གི་མེད་སྟབས། སློབ་གྲྭ་ཡང་དེ་ལྟར་གནས་སྟངས་འདིའི་འོག་དབུས་གཞུང་གི་ཐེམ་སྤང་བཀའ་རྒྱའི་འོག་རང་ཁྱིམ་དུ་མ་སྡོད་ཀ་མེད་བྱུང། ཐེམ་སྤང་བཀའ་རྒྱའི་དུས་དེར་ང་དང་འདྲ་བའི་སློབ་མ་འབུམ་ཕྲག་མང་པོ་སྔར་རྒྱུན་བཞིན་སློབ་གྲྭར་བསྐྱོད་མ་ཐུབ་པར་ཁྱིམ་དུ་སློབ་སྦྱོང་ལ་འབད་ཁུལ་བྱེད། ང་ལ་མཚོན་ན་དུས་ཚོད་ནི་གསེར་ལས་རིན་ཐང་ཆེ་བར་བརྩིས་ཏེ་ཁྱིམ་སྡོད་སློབ་སྦྱོང་ལ་འབད་འབུངས་བྱེད་ཀྱི་ཡོད་ཅིང། རྣམ་ཀུན་ནས་ཁ་གཡེང་མིག་གཡེང་རྩ་བ་ནས་མི་བྱེད་པར་རྒན་ལགས་རྣམས་ཀྱིས་དྲྭ་ཐོག་ནས་བསྐུར་བའི་ཁྱིམ་སྦྱོང་དང་སློབ་ཁྲིད་ཁག་ནན་ཏན་གྱིས་ཉན་པ་དང་འབྲི་སྦྱོང་བྱེད་ཀྱི་ཡོད་ཀྱང་ཁོ་བོའི་འདུན་པ་བཞིན་སློབ་གཉེར་བྱེད་ཐབས་བྲལ། དེ་ཡང་གཅིག་ནས་རང་གི་གཅེན་གཅུང་རྣམས་རྩེད་འཇོར་རོལ་བའི་སྐད་ཅོར་དང་དགོད་སྒྲ་ཡི་དཀའ་ངལ། གཉིས་ནས་སློབ་སྦྱོང་བྱེད་སྐབས་ཕ་མར་རོགས་རམ་ཞུ་བར་འགྲོ་དགོས་སྟབས་དུས་ཚོད་མང་པོ་ཞིག་འདི་ལྟར་འདས་པ་དང། གསུམ་ནས་དོགས་འདྲི་ཁག་དུས་ཐོག་ཏུ་རྒན་ལགས་ལ་ཞུ་མ་ཐུབ་པའི་དཀའ་ངལ། བཞི་ནས་རྒན་ལགས་ཀྱིས་རྒྱུན་གཏན་བཞིན་སྐུལ་འདེད་གཏོང་མཁན་མེད་སྟབས་མཚམས་རེ་ལེ་ལོའི་དྲྭ་བར་ཚུད་དེ་དལ་འགོར་བྱེད་པ་དང། གང་ལྟར་ཁྱིམ་སྡོད་སློབ་སྦྱོང་བྱེད་སྐབས་བར་ཆད་དབྱར་གྱི་ཆུ་རྒྱུན་བཞིན་རྒྱུན་མ་ཆད་པ་དང་དཀའ་ངལ་གཅིག་རྗེས་གཉིས་མཐུད་ཀྱིས་འཕྲད་དེ་རྫོགས་ཐབས་བྲལ། ཡིན་ནའང་ཁྱིམ་དུ་བསྡད་ནས་སློབ་སྦྱོང་བྱེད་དུས་དགེ་མཚན་མེད་པའང་ག་ལ་སྲིད། ཁྱིམ་སྡོད་སློབ་སྦྱོང་བྱེད་སྐབས་གཅིག་ནས་རང་གི་ཡིད་དབང་འཕྲོག་པའི་དཔེ་དེབ་མང་པོ་ལྟ་ཀློག་ཐུབ་པའི་དུས་ཚོད་ཡོད་པ་དང། དོ་སྣང་བྱེད་ཐུབ་ཀྱི་འདུག གཉིས་ནས་དགེ་བའི་བཤེས་གཉེན་རྣམས་ལ་ཞེད་སྣང་བྱེད་དགོས་མེད། གསུམ་ནས་བཀྲེས་སྐོམ་གྱི་དཀའ་ངལ་མེད་པར་དུས་ཚོད་ངེས་མེད་ལ་ཟས་ཟ་ཆོག བཞི་ནས་ཁྱིམ་སྡོད་སློབ་སྦྱོང་བྱེད་སྐབས་ཕ་མས་སྐུལ་ལྕག་གནང་བ་དང། དོགས་འདྲི་ཡོད་ཚེ་འབྲེལ་ཡོད་མི་དང་ཤེས་ལྡན་སྤུན་མཆེད། གཅེན་པོ་སོགས་ལ་འདྲི་ཆོག་པ་སོགས་ཀྱི་དགེ་མཚན་བརྗོད་ཀྱིས་མི་ལང་བ་ཡོད། སློབ་གྲྭར་འགྲོ་དུས་སློབ་གྲྭས་གཏན་འབེབས་བྱས་པའི་དུས་ཚོད་རེའུ་མིག་བཞིར་བཟུང་ལག་བསྟར་བྱེད་པ་ལས་རང་ལ་རང་དབང་ཞིག་མེད། མ་ཟད་ཁྱིམ་གྱི་གཅེས་ཉར་སྲོག་ཆགས་དང་ལག་ཐོག་ཁ་པར་སོགས་འཁྱེར་མི་ཆོག་པས་སྣང་བ་གཡེང་ས་ཞིག་མེད། སློབ་གྲྭར་སློབ་སྦྱོང་བྱེད་དུས་མཐུན་རྐྱེན་འཛོམས་པོ་དང་རྒན་ལགས་ལ་ཐད་ཀར་དོགས་འདྲི་ཞུ་ཐུབ་པ་མ་ཟད། རང་ཉིད་དགེ་སློབ་དང་མཉམ་དུ་ཡོད་སྟབས་སྤྱི་ཚོགས་ཀྱི་ནང་འབྲེལ་བ་བྱེད་སྟངས་སོགས་ཡར་རྒྱས་འགྲོ་ཡི་ཡོད། རྒན་ལགས་ཀྱིས་བསྐུར་བའི་ཁྱིམ་སྦྱོང་རྣམས་ཁྱིམ་དུ་འབྱོར་རྗེས་ཟུར་ཁྲིད་དགེ་རྒན་གྱི་ལམ་སྟོན་འོག་དུས་ཐོག་ཏུ་བྱེད་ཐུབ་ཀྱི་འདུག སློབ་སྦྱོང་ལ་དོ་སྣང་མ་བྱེད་མཁན་སློབ་ཕྲུག་རྣམས་ལ་དམིགས་བསལ་རྒན་ལགས་རྣམས་ཀྱིས་དུས་ཐོག་ལ་སྐུལ་འདེད་བཏང་སྟེ། ཁོ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་མ་འགྲོ་བའི་དགེ་མཚན་ཡང་ཡོད། གང་ལྟར་སློབ་གྲྭར་སློབ ་སྦྱོང་བྱེད་དུས་དགེ་མཚན་མང་པོ་འདུག འོན་ཀྱང་སློབ་གྲྭའི་ནང་སུན་སྣང་སྐྱེ་དགོས་པའི་རྒྱུ་རྐྱེན་ཡང་མང་པོ་ཡོད། རྒན་ལགས་རྣམས་ཀྱིས་སྐུལ་འདེད་གཅིག་རྗེས་གཉིས་མཐུད་ཀྱིས་བཏང་སྟེ་ལུས་སེམས་ཡིད་ཐང་ཆད་པ་དང། སློབ་ཕྲུག་དབང་ཤེད་ཅན་ཚོས་ཉམ་ཆུང་རྣམས་ལ་དོན་མེད་བརྙས་བཅོས་བཏང་བ། ཉིན་ལྟར་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ནང་འགྲིམ་འགྲུལ་བྱེད་དུས་དུས་ཚོད་མང་པོ་ཆུད་ཟོས་སུ་འགྲོ་གི་ཡོད། མཚམས་རེར་རླངས་འཁོར་དུས་ཐོག་མ་འབྱོར་བ་དང། འཚང་ཁ་ཐེབས་པ། དམིགས་བསལ་དབྱར་དུས་སུ་དྷ་སའི་ཁུལ་ལ་དྲག་ཆར་རྒྱུན་ཆད་མེད་པ་བཏང་སྟེ་ལུས་པོ་ཡོངས་ཆར་ཆུས་བརླན་ནས་ཆམ་ནད་ཕོག་པ་དང། དགུན་དུས་གྲང་ངར་ཆེ་བས་ཁྱིམ་དུ་དྲོ་སོབ་སོབ་ངང་སྡོད་རྒྱུའི་རང་དབང་ཡང་མེད། གང་ལྟར་ཕྱོགས་གཉིས་ཀའི་ཐོག་ནས་དགེ་སྐྱོན་སྣ་ཚོགས་འཛོམས་ཡོད་སྟབས་སློབ་ཕྲུག་རྣམས་ཀྱིས་ཁྱིམ་སྡོད་སློབ་སྦྱོང་བྱེད་དུས་རང་སེམས་རང་གིས་བཅུན་ཏེ་རང་འགུལ་ངང་སློབ་སྦྱོང་འཐུས་ཤོར་མ་སོང་བ་བྱེད་རྒྱུ་གལ་ཆེ། རྒན་ལགས་རྣམས་ཀྱིས་ཀྱང་སློབ་ཕྲུག་རྣམས་ལ་ཐད་འབྲེལ་གནང་སྟེ་སྐུལ་དེད་ཡང་སེ་བཏང་དགོས་པར་བསམ་བཞིན་ཡོད། ཞོར་ལ་ཚང་མས་ད་ལྟའི་ཛ་དྲག་གི་དུས་སྐབས་སུ་གཟུགས་གཞི་འཕྲོད་བསྟེན་ཨང་དང་པོར་བརྩིས་ཏེ་གཟབ་ནན་བྱེད་རྒྱུ་གལ་ཆེ།