བསྟན་འཛིན་བདེ་གསལ། འཛིན་རིམ་བརྒྱད་པ། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། ངའི་མ་འོངས་པའི་དམིགས་ཡུལ་ནི་སྨན་ཞབས་པ་ཞིག་བྱ་འདོད་ཡོད། སྨན་ཞབས་ཤིག་ཆགས་ཡ་ལ་འཛིན་རིམ་བཅུ་གཅིག་སྐབས་ནས་ཚན་རིག་སྡེ་ཚན་དུ་སློབ་སྦྱོང་བྱེད་དགོས་རེད། ང་རང་ཚན་རིག་སློབ་ཚན་ལ་ཡག་པོ་མེད་ཡིན་ནའང་ང་རང་གི་དམིགས་ཡུལ་བསྒྲུབ་པའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན། སློབ་ཕྲུག་མང་ཆེ་བ་ཚན་རིག་སྦྱོང་པར་དཀའ་ལས་ཡོ་རེད་བྲྗོད་ཀྱི་འདུག རེད་དེ་ང་རང་གིས་བསམ་པར་སོ་སོས་ཧུར་ཐག་བྱས་ནས་སྦྱང་ན་དཀའ་ངལ་ཆུང་བ་ཡོང་གི་རེད་སྙམ། ང་རང་གི་དམིགས་ཡུལ་དེ་བསྒྲུབས་ནས་སྨན་ཞབས་མ་ཞིག་ཆགས་ན་ངས་མི་དཀྱུས་མ་ལ་རོགས་པ་བྱེད་པ་དང་ལམ་ཟུར་དུ་ལྷག་པའི་ཕྲུ་གུ་དང་ཨ་མ་དེ་ཚོ་ལ་ཡང་རོགས་པ་དང་སྨན་བཅོས་བྱེད་འདོད་ཡོད། དེ་སྔོན་ངའི་ཨ་མ་ལགས་སྨན་ཞབས་མ་རེད་ང་རང་ཡང་ཁོང་འདྲ་བོ་ཆགས་ན་བསམ་གྱི་འདུག ངའི་ཨ་མས་ལྡི་ལི་རུ་ལོ་བཞི་རིང་སྨན་ཞབས་མ་བྱས་ཏེ་གཞན་ལ་ཕན་ཐོགས་པའི་ཕྱག་ལས་གནང་ཡོ་རེད་ཡིན་ནའང་ད་ཆ་ཁོང་ལ་ཕྲུ་གུ་བཞི་ཡོད་ཙང་ལས་ཀ་དེ་བཞག་རེད། འོན་ཀྱང་དེང་སང་གཞིས་གྲོང་ནང་ལ་ང་ཚོོའི་ཁྱིམ་མཚེས་དེ་ཚོ་ལ་ཁབ་བརྒྱབ་པ་དང་ཁོ་ཚོ་ནད་པ་ཆགས་དུས་ངའི་ཨ་མ་སྒད་གཏོང་གི་འདུག་བྱས་ཙང་ཨ་མས་ལྷག་བསམ་རྣམ་དག་རོགས་རམ་གནང་གི་རེད། དེ་བས་སྨན་ཞབས་ལས་ཀ་དེ་དུས་རྒྱུན་འཚོ་བའི་ཁྲོད་དུ་ཏང་གལ་ཆེན་སྣང་བས་ང་རང་སྨན་ཞབས་ཤིག་ཆགས་ཡ་ལ་མཐོ་སློབ་ཡག་པོ་ཞིག་ལ་འཛུལ་ཐུབ་པའི་དམིགས་ཡུལ་འཛིན་བཞིན་མཆིས། ང་རང་སྨན་ཞབས་མ་ཞིག་ཆགས་ན་ནད་པ་དེ་ཚོ་ཡར་མར་འཆམ་འཆམ་ལ་འཁྲིད་པ་དང་བྱིས་པ་ཆུང་ཆུང་ཚོ་ལ་ཁབ་ག་ལེར་བསྐྱོན་ཡ་ཡིན། དེ་ནས་ས་ཕྱོགས་གང་སར་བསྐྱོད་ནས་བོད་པའི་སྨན་ཞབས་ཡིན་པའི་ང་རང་ལ་སྤོབས་པ་སྐྱེད་ཐུབ་པ་བྱ་ཡ་ཡིན། སྨན་ཞབས་ལས་ཀ་དེ་ཆེད་ལས་པ་ཞིག་མ་རེད་ཡིན་ནའང་དེ་ཡི་ང་ཚོ་མི་འདྲ་མིན་དང་འབྲེལ་བ་ཡོང་དུས་ཕན་ཚུན་མཐུན་ལས་ཡོང་གི་རེད། གལ་སྲིད་མི་ཞིག་ནད་པ་ཡིན་ན་སྨན་ཞབས་ཀྱིས་ནད་པ་དེ་ལ་རང་ཉིད་ཀྱི་ཕྲུ་གུ་ནང་བཞིན་བལྟ་རྟོག་གནང་བ་དང་སྐྱོན་མེད་པ་རོགས་རམ་གནང་གི་རེད། ད་ལྟའི་དུས་སུ་སྨན་ཞབས་པ་ཚོ་ལས་ཀ་ཡག་པོ་དང་སྙིང་སྟོབས་ཆེན་པོ་ཡོད་པ་མཐོང་དུས་ང་རང་ལ་ཡང་མ་འོངས་པར་སྨན་ཞབས་མའི་ལས་ལ་འཇུག་རྒྱུའི་གསོན་ཤུགས་སྐྱེས་ཡོང་གི་འདུག ང་རང་སྨན་ཞབས་ལས་ཀ་དེ་བྱེད་ཐུབ་ན་ངས་སྨན་བཅོས་ཡག་པོ་བྱེད་པ་དང་ནད་པ་སུ་ཡིན་རུང་ལྷག་བསམ་ངང་རམ་འདེགས་ཞུ་ཡ་ཡིན་དེའི་སླད་དུ་ངས་སློབ་སྦྱོང་ལ་ད་ལྟ་ནས་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་དམིགས་ཡུལ་བསྒྲུབ་པ་བྱ་རྒྱུ་ཡིན།
ངའི་མ་འོངས་པའི་དམིགས་ཡུལ།
པདྨ་ཉི་མ། འཛིན་རིམ་བརྒྱད་པ། སྦེལ་ཀོབ་སམ་བྷོ་ཊ་སློབ་གྲྭ། མི་ཞིག་གི་མི་ཚེ་ནང་དམིགས་ཡུལ་རེ་རེ་ཡོད་པ་རེད། མི་ཞིག་ལ་སོ་སོའི་མི་ཚེའི་ནང་དམིགས་ཡུལ་མེད་པ་ཡིིན་ན་མི་དེ་མི་ཚེ་ནང་ལམ་ལྷོང་ཆག་གི་མ་རེད། དེ་མ་ཟད་སོ་སོར་ཆེན་པོ་ཆགས་ནས་ལས་ཀ་གང་བྱེད་དགོས་པ་དེ་ཤེས་ཀྱི་མ་རེད། མི་ཚང་མ་ལ་སོ་སོའི་དམིགས་ཡུལ་མི་འདྲ་བ་ཡོད། དཔེ་བཞག་པ་ཡིན་ན། སྨན་པ། ཚན་རིག་པ། དམག་མི་དང་དགེ་རྒན་བཅས་ཡོད། ཡིན་ན་ཡང་ངའི་དམིགས་ཡུལ་གཙོ་བོ་ནི་སྨན་པ་ཞིག་བྱེད་བསམ་པ་ཡོད། ད་ལྟ་ལ་ཆ་བཞག་ན་ང་འཛིན་རིམ་བརྒྱད་པ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ཡིན་ཡང་ང་རང་གིས་དམིགས་ཡུལ་དེ་ཐག་གཅོད་ཟིན་པ་ཞིག་ཡིན །ང་རང་སློབ་སྦྱོང་བྱེད་ཚཪ་ནས་ངའི་མཐར་ཐུག་གི་དམིགས་ཡུལ་ནི་སྨན་པ་ཡིན། རྒྱུ་མཚན་གང་ལ་བརྟེན་ནས་ངས་སྨན་པ་བྱེད་སྙམ་པའི་དམིགས་ཡུལ་གཙོ་བོ་ནི་མི་སྐྱོ་བོ་རྣམས་ལ་གང་ཐུབ་ཐུབ་ཀྱི་རོགས་པ་བྱེད་བསམ་པ་ཡོད། སྨན་པ་ཟེར་བ་དེ་ལ་འགྲོ་བ་མི་དང་སེམས་ཅན་ཐམས་ཅད་རྣམས་ལ་སྐྱོབ་པའི་སྒོ་སྐབས་མང་པོ་ཡོད་རེད། སྨན་པས་མི་རྣམས་ལ་ན་ཚ་ནས་སྐྱོབ་པ་དང་སྲོག་ལས་ཀྱང་སྐྱོབ་ཐུབ་ཀྱི་རེད། སྨན་པ་བྱེད་པ་ཡིན་ན། དངུལ་ཡང་མང་པོ་གསོག་ཐུབ་ཀྱི་རེད། ངས་དངུལ་དེ་ཡང་བེད་སྤྱོད་གང་འདྲ་ཞིག་གཏང་རྒྱུ་ཡིན་ཟེར་ན། དངུལ་དེ་ངའི་ཕ་མ་དང་ནང་མི་རྣམས་ལ་རོགས་པ་བྱེད་རྒྱུ་དང་མི་སྐྱོ་བོ་རྣམས་ལ་ཞལ་འདེབས་འབུལ་རྒྱུ་དང་རོགས་པ་བྱེད་རྒྱུ་ཡིན། ངའི་སྡོདས་ལ་མི་སྐྱོ་བོ་རྣམས་ལ་རོགས་སྐྱོར་བྱེད་དགོས་བསམ་པ་དེ་ང་ཆུང་དུས་ནས་ཡོད། ང་མི་སྐྱོ་བོ་རྣམས་ལ་རིན་མེད་ཐོག་སྨན་སྤྲད་པ་དང་བལྟ་སྐྱོང་བྱེད་རྒྱུ་ཡིན། ང་སྨན་པ་ཡག་པོ་ཞིག་ཆགས་ནས་གྲོང་གསེབ་གཡས་གཡོན་ལ་བསྐྱོད་དེ་མི་སྐྱོ་བོ་རྣམས་ལ་བརྩེ་བ་དང། སྙིང་རྗེས་ཀུན་ལས་བསླང་སྟེ་སྨན་བཅོས་བྱེད་བསམ་པ་ཡོད། དེ་ཡང་མི་རྒན་པ་ལ་གུས་ཞབས་དང་རང་ལས་གཞོན་པ་རྣམས་ལ་སོ་སོའི་སྤུན་མཆེད་ཀྱི་འདུ་ཤེས་ཐོག་ནས་སྨན་བཅོས་བྱེད་བསམ་པ་ཡོད། ངས་དམིགས་ཡུལ་དེ་དག་སེམས་ལ་བཅང་ཏེ་སློབ་སྦྱོང་ལ་ཆུ་བོའི་རྒྱུན་བཞིན་བརྩོན་པ་བྱེད་བཞིན་ཡོད། ངས་རེ་བ་ལ་རང་རེའི་འཛིན་གྲོགས་རྣམས་ཀྱང་སློབ་སྦྱོང་དང་ལྷ་དུ་ཡ་རབས་སྤྱོད་བཟང་ཞིག་ཡོང་བའི་སྨོན་ལམ་དང། རང་གི་རྩ་བའི་བླ་མ་༸གོང་ས་མཆོག་དང་ཕ་མ་གཉིས། དགེ་རྒན་གྱི་བཀའ་དྲིན་ལ་བརྟེན་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་རགས་པ་ལ་ཁོང་རྣམས་ཀྱི་སྐུ་ཁམས་བདེ་ཐང་དང་བསམ་དོན་ཡིད་བཞིན་དུ་སྒྲུབཔའི་སྨོན་ལམ་བྱེད་བཞིན་ཡོད།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་གྲགས་པ། འཛིན་གྲྭ་བདུན་པ། སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ། ང་ཚོ་གནས་སའི་འཛམ་གླིང་འདི་ཡི་སྒང་ལ་མི་མང་པོ་ཞིག་ཡོད། མི་རེ་རེ་ལ་དམིགས་ཡུལ་རེ་ཡོད། དམིགས་ཡུལ་ནི་ཧ་ཅང་གལ་ཆེན་པོ་ཡིན། དམིགས་ཡུལ་ཡོད་ན་མ་འོངས་པར་སོ་སོས་གང་ཞིག་བྱེད་དགོས་དང་མི་དགོས་ཤེས་ནས་ད་ལྟ་ནས་གྲ་སྒྲིག་བྱེད་ཐུབ་ཀྱི་རེད། དེར་བརྟེན། མི་མང་ཆེ་བས་ཆུང་དུས་ནས་མ་འོངས་པའི་ཆེད་དུ་དམིགས་ཡུལ་རེ་འཛིན་གྱི་ཡོད། ང་རང་ཆེན་པོ་ཆགས་དུས་སྨན་པ་ཞིག་བྱེད་ཀྱི་ཡིན། གང་ཡིན་ཟེར་ན། སྨན་པ་བྱས་ན་མི་མང་པོ་ཡི་སྲོག་སྐྱོབ་ཐུབ་ཀྱི་རེད། སྨན་པ་ཞིག་ཆགས་དགོས་ན་དང་པོ་རང་ལ་ཤེས་ཡོན་མང་པོ་དགོས་རེད། དེ་ནང་བཞིན་བརྩེ་བ་ཡང་དགོས་རེད། དེ་གཉིས་ཡོད་ན་སྨན་པ་ཡག་པོ་ཞིག་ཆགས་ཐུབ་ཀྱི་རེད། ཤེས་ཡོན་དང་བརྩེ་བ་གཉིས་མེད་ན་སྨན་པ་ཡག་པོ་ཞིག་ཆགས་སྲིད་ཀྱི་མ་རེད། ང་རང་སྨན་པ་ཞིག་ཆགས་ན། ངས་མི་གཞན་ལ་རོགས་རམ་དང་ཞབས་ཞུ་བྱེད་ཀྱི་ཡིན། ངས་ལས་ཀ་དེ་ཡག་པོ་བྱེད་པ་དང་དེ་ནས་ང་རང་ཕ་མ་གཉིས་ཀྱང་སྐྱིད་པོ་བྱས་ནས་གཞག་གི་ཡིན། ནད་པ་སྐྱོ་བོ་དེ་འདྲ་སླེབས་ན་དེ་ཚོའི་རྩ་ནས་སྨན་རིན་མ་ལེན་པར་སྨན་བཅོས་བྱེད་ཀྱི་ཡིན། ང་རང་གིས་སྨན་པ་ཞིག་ཆགས་པའི་ཆེད་དུ་དཀའ་ལས་ཞེ་དྲག་བརྒྱབ་ཆོག། ཕ་མ་གཉིས་ཀྱིས་ང་ལ་ད་ལྟ་བར་དུ་བྱམས་སྐྱོང་གནང་བྱུང། ང་རང་གིས་ད་ལྟ་ནས་ཡི་གེ་ཡག་པོ་སྦྱང་བ་དང་དཀའ་ལས་མང་པོ་བརྒྱབ་ཀྱི་ཡིན། ང་རང་ཆེན་པོ་ཆགས་དུས་སྨན་པ་ཞིག་བྱས་ནས་སྤོ་པོ་དང་། རྨོ་མོ། པཱ་ལགས། ཨ་མ་ལགས་གཅེན་པོ། གཅེན་མོ། གཅུང་པོ། གཅུང་མོ་སོགས་སུ་ནད་པ་ཡིན་ནའང་ངས་དེ་ལ་སྨན་བཅོས་བྱེད་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡིན། ང་རང་གིས་མི་གཅིག་ཡིན་ནའང་དེ་བསྐྱབ་པའི་ཆེད་དུ་དཀའ་ལས་བརྒྱབ་ཀྱི་ཡིན། གལ་སྲིད་ང་རང་ཆེན་པོ་ཆགས་དུས་སྨན་པའི་ཚབ་ཏུ་གཞན་ཞིག་ཆགས་ན་ཡང་ངས་མི་ཚང་མ་ལ་རོགས་རམ་བྱེད་ཀྱི་ཡིན། ང་རང་སྨན་པ་ཞིག་བྱས་ན་དངུལ་བསགས་ནས་ང་རང་གི་ཕ་མ་གཉིས་ལ་གང་དགོས་ཆ་ཚང་ཕུལ་ཆོག ངས་མི་ས་ཆ་གང་དུ་ཡོད་ནའང་དེར་འགྲོ་ནས་སྨན་བཅོས་བྱེད་པའི་ཐབས་ཤེས་བྱེད་ཀྱི་ཡིན། ནད་པ་ལ་བརྟག་དཔྱད་བྱེད་པའི་ཆེད་དུ་ག་དུས་ཡོང་རོགས་ཟེར་ན་ཡང་འགྲོ་གི་ཡིན། མི་ཕྱུག་པོ་དང་སྐྱོ་བོ་སུས་ཡོང་རོགས་ཟེེར་ན་ཡང་འགྲོ་གི་ཡིན། སྨན་རིན་སྤྲད་རྒྱུ་མེད་ན་ཡང་སྨན་བཅོས་བྱེད་ཀྱི་ཡིན། ངའི་ཕ་མ་གཉིས་ཀྱིས་ངའི་དམིགས་ཡུལ་ཐོག་དོ་སྣང་དང་རྒྱབ་སྐྱོར་ཡག་པོ་གནང་གི་འདུག་པས། ངས་ང་རང་གི་དམིགས་ཡུལ་འདི་འགྲུབ་ཀྱི་རེད་བསམ་གྱི་འདུག མ་འོངས་པར་ང་རང་སྨན་པ་ཞིག་ཆགས་ནས་མི་གཞན་ལ་རོགས་རམ་དང་སྲོག་སྐྱོབ་ཐུབ་ན་ང་རང་ཡང་སེམས་པ་དགའ་ས་རེད། གལ་སྲིད་ང་རང་གི་ཕ་མ་གཉིས་ནད་པ་ཆགས་ན་ཡང་ང་རང་སྨན་པ་ཞིག་ཡིན་པས་ངས་ལམ་སེང་སྨན་བཅོས་བྱེད་ཐུབ་ཀྱི་རེད། མདོར་བསྡུས་ནས་བཤད་ན། ང་རང་སྨན་པ་ཞིག་ཆགས་ན་མི་མང་པོ་ཞིག་ལ་ཕན་ཐོགས་བྱེད་ཐུབ་ས་རེད། དེར་བརྟེན་ང་རང་གིས་སྨན་པ་ཞིག་ཆགས་པའི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་ཀྱི་ཡིན།
ངའི་མ་འོངས་པའི་དམིགས་ཡུལ།
རིན་ཆེན་མཁའ་འགྲོ། འཛིན་གྲྭ་དྲུག་པ། སཾ་བྷོ་ཊ་དྷོ་ལན་ཇི། ༄༅། །སློབ་མ་ཞིག་ལ་ཆ་མཚོན་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བ་ལ་དམིགས་ཡུལ་བཟང་པོ་ཞིག་དགོས་གལ་ཆེ། དམིགས་ཡུལ་བཟང་པོ་དེ་སྒྲུབ་པར་བྱེད་པ་ལ་ཡང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་དང་དགེ་རྒན། ཕ་མ་དེ་བཞིན་མི་རབ་རྒན་པ་རྣམས་ཀྱི་བསླབ་བྱ་དང་ལམ་སྟོན་རྗེས་སུ་འཇུག་པ་ནི་དམིགས་ཡུལ་བཟང་པོ་དེ་སྒྲུབ་པར་བྱེད་རྒྱུའི་ཐབས་ལམ་གལ་ཆེ་ཤོས་དེ་ཡིན། དེར་བརྟེན་མ་འོངས་པར་མདུན་ལམ་གྱི་དམིགས་ཡུལ་བཟང་པོ་ཞིག་དགོས་པ་ལ་གོང་དུ་ཞུས་པའི་ཆ་རྐྱེན་དེ་དག་མེད་དུ་མི་རུང་བ་ཞིག་ཡིན། ཆུང་བྱིས་པའི་དུས་ནས་རང་ཉིད་ཀྱི་དམིགས་ཡུལ་ནི་སློབ་སྦྱོང་ལ་སྦྱང་བརྩོན་བྱས་ཏེ་བརྩོན་འགྲུས་ཅན་གྱི་རྡོ་ལ་ཨི་ཁུང་འབིགས་ཐུབ་ཞེས་པའི་དཔེ་བཞིན་མ་འོངས་པར་མི་ཡ་རབས་ཞིག་དང་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཆེན་པོ་མཆོག་གི་བཀའ་སློབ་ལ་དད་གུས་དང་མིང་དོན་མཚུངས་པའི་མི་སྣ་ཞིག་བྱེད་རྒྱུའི་དམིགས་ཡུལ་བཟང་པོ་དེ་ཡིན། རང་ཉིད་ལ་ཆ་བཞག་ན་རྒྱུན་དུ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞལ་ལ་ཉན་པོ་དང་སློབ་སྦྱོང་བྱེད་པའི་རིང་ལ་ཡང་དམིགས་ཡུལ་དེ་དག་ཡིད་ལ་བཅངས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་བཞིན་ཡོད། གཞན་ཡང་དམིགས་ཡུལ་བཟང་པོ་དེ་དག་བསྒྲུབ་པ་ལ་གྲོགས་བཟང་པོ་དང་མཉམ་དུ་འགྲོ་དགོས་ངེས་ཡིན། དཔེར་ན། བཟང་པོའི་ཞོར་ལ་ཇ་ཆང་དང་ངན་པའི་ཞོར་ལ་རྒྱུགས་བརྡུང་ཟེར་བའི་དཔེ་ལྟར་གྲོགས་བཟང་པོ་དང་ལྷན་དུ་གནས་དགོས་པ་དེ་ཡང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། དེར་བརྟེན་དམིགས་ཡུལ་ཞིག་དང་ལྷན་གཅིག་སློབ་སྦྱོང་ཡང་དག་པ་ཞིག་བྱེད་དགོས་པ་ནི། ཁོག་པའི་སྙིང་ལྟར་ངེས་པར་དུ་དགོས་པའི་ཆ་རྐྱེན་ཞིག་ཡིན། གཞན་ཡང་སློབ་སྦྱོང་བྱེད་པའི་རིང་ཁྲལ་ཙམ་མ་ཡིན་པར་དོན་དངོས་ཐོག་སློབ་སྦྱོང་ལ་བརྩོན་པ་ལྷོད་མེད་བསྟེན་དགོས་པ་ཡིན། དཔེར་ན་ས་ལེགས་ལས། རིག་པ་ནང་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཡང་།། སྐྱེ་བ་ཕྱི་མ་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ། ཞེས་གསུངས་པ་དེར་སང་ཉིན་འཆི་མཁན་གྱི་མི་ཞིག་ཡིན་ན་ཡང་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་བསྟན། ཆུང་དུས་ནས་༸གོང་ས་མཆོག་དང་བོན་བོད་ཁྱིམ་ཁང་གཉིས་ཀྱི་བཀའ་དྲིན་འོག་སློབ་གྲྭའི་ནང་སློབ་ཡོན་ཕྲན་བུ་ཞིག་ལས་སྤྲོད་མི་དགོས་པའི་ཐོག་ཞལ་ལག་དང་སློབ་གྲྭའི་སྒྲིག་ཆས་སོགས་ཐ་ན་སྨྱུ་གུ་དང་དེབ་དེ་བཞིན་སློབ་དེབ་སོགས་སློབ་གྲྭའི་ངོས་ནས་གནང་གི་ཡོད། མདོར་ན། སློབ་གྲྭ་དེ་ཁོ་བོའི་སྲོག་ལས་གཅེས་པའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཡིན། ད་ལྟ་ཡིན་ན་འང་ཕྱོགས་བཞི་མཚམས་བརྒྱད་གང་ནས་བལྟས་ཀྱང་ཡོད་ཚད་ནི་སློབ་གྲྭ་དེ་ནས་བྱུང་བ་ཤ་སྟག་ཡིན། དེར་བརྟེན་སྤུན་གྲོགས་ཕོ་གཞོན་མོ་གཞོན་རྣམས་ལ་གོང་དུ་བྲིས་པའི་ཁོ་བོའི་དམིགས་ཡུལ་དེ་བཞིན་ཁྱེད་རྣམས་ཀྱིས་ཀྱང་དེ་ལྟར་ཡིད་ལ་བཅངས། མཐའ་དོན་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང་བོད་དུ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བ་དང་། ྋགོང་ས་མཆོག་གིས་མཛད་འཕྲིན་མཐའ་དག་དབྱར་མཚོ་བཞིན་ཕྱོགས་དུས་གང་སར་རྒྱས་འཕེལ་འབྱུང་བའི་སྨོན་འདུན་དང་བཅས།
ངའི་མ་འོངས་པའི་དམིགས་ཡུལ།
པདྨ་བདེ་སྐྱིད། འཛིན་གྲྭ་དྲུག་པ། སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ། འཇིག་རྟེན་འདི་ཡི་ནང་ལ་ཡོད་པའི་མི་ཚང་མ་ལ་དམིགས་ཡུལ་མི་འདྲ་བ་རེེར་ཡོད། དམིགས་ཡུལ་ཞེས་པ་ནི་ང་ཚོ་མ་འོངས་པ་ཆེན་པོ་ཆགས་པའི་དུས་དེ་ལ་གང་བྱེད་འདོད་ཡོད་པ་དེ་ཡིན། དམིགས་ཡུལ་ལ་ཡག་སྡུག་ཁྱད་པར་ཡོད་མ་རེད། ང་ཚོའི་སོ་སོའི་དམིགས་ཡུལ་སྒྲུབ་པར་སོ་སོའི་རང་གི་དཀའ་ལས་རྒྱག་དགོས། དེ་མ་གཏོགས་མི་གཞན་གྱིས་དཀའ་ལས་རྒྱག་ཐུབ་ཀྱི་མ་རེད། མི་ཚང་མས་དམིགས་ཡུལ་ཆེན་པོ་བཟུང་གི་ཡོད། གང་ཡིན་ཟེར་ན་མ་འོངས་པ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བའི་ཆེད་དུ་དང། མི་ཚེ་ཡག་པོ་ཞིག་བྱུང་བའི་ཆེད་དུ་ཡིན། ང་ལ་དམིགས་ཡུལ་མང་པོ་ཡོད་ཡིན་ནའང་ངས་མ་འོངས་པའི་དམིགས་ཡུལ་དེ་ནི་དགེ་རྒན་ཡིན། ང་རང་དགེ་རྒན་བྱེད་ཡག་དེ་གལ་ཆེན་པོ་མཐོང་གི་འདུག། གང་ཡིན་ཟེར་ན་དགེ་རྒན་མེད་ན་སློབ་ཕྲུག་ལ་སློབ་སྦྱོང་མི་རགས་པ་དང་མི་ཚེ་ཡག་པོ་སྐྱེལ་ཐུབ་ཀྱི་མ་རེད། མི་ཚང་མ་ལ་དགེ་རྒན་དགོས་གང་ཡིན་ཟེར་མི་ཚེ་དེ་ཡག་པོ་བྱུང་བའི་ཆེད་དུ་ཡིན། དགེ་རྒན་ཞེས་པ་ནི་དགེ་རྒན་གཅིག་པོ་མ་རེད། ང་ཚོའི་ལམ་སྟོན་གནང་མཁན་དང།ཕ་མ་གཉིས་པ་རེད། འཇིག་རྟེན་འདི་ཡི་ནང་དགེ་རྒན་གྲངས་རྩིས་མི་ཐུབ་པར་ཡོད། ཡིན་ན་ཡང་ད་དུང་འཛམ་གླིང་འདི་ཡི་ནང་དགེ་རྒན་མང་པོ་དགོས་ཡོད། ང་རང་དགེ་རྒན་བྱེད་ཡ་ལ་དགའ་པོ་ཡོད་པ་མ་ཟད་ང་རང་མ་འོངས་པར་དགེ་རྒན་བྱེད་པའི་དུས་ལ་དགེ་རྒན་དྲང་པོ་དང་གཤིས་ཀ་འཇམ་པོ་ངང་སློབ་ཕྲུག་ལ་ཡི་གེ་སློབ་ས་རེད། དགེ་རྒན་གྱི་དམིགས་ཡུལ་ནི་ང་རང་ཆུང་དུས་ནས་རྨི་ལམ་ཡིན། དགེ་རྒན་ཞིག་གིས་སློབ་ཕྲུག་ལ་ཡི་གེ་སློབ་པའི་དུས་ལ་ལས་སླ་པོ་མཐོང་གི་འདུག གལ་སྲིད་ཁྱེད་རང་ཚོ་དགེ་རྒན་བྱེད་འདོད་ཡོད་ན་དགེ་རྒན་ལ་དབྱེ་བ་མང་པོ་ཡོད། དཔེར་ན་བོད་ཡིག་དགེ་རྒན། དབྱིན་ཇི་དགེ་རྒན་ལ་སོགས་པ་མང་པོ་ཡོད། ང་ནར་སོན་པའི་སྐབས་བོད་ཡིག་དགེ་རྒན་ཞིག་བྱ་འདོད་ཡོད། གང་ཡིན་ཟེར་ན། ངའི་མཐོང་ཚུལ་ལ་བོད་ཡིག་དེ་ལས་སླ་པོ་ཞིག་དང་གལ་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ང་རང་བོད་ཡིག་སློབ་ཚན་ལ་ཧ་ཅང་གི་དགའ་པོ་ཡོད་དེ་མ་ཟད་ང་རང་སློབ་ཚན་ཚང་མ་ནང་ནས་སྒྲུབ་འབྲས་ཡག་ཤོས་ཡང་བོད་ཡིག་སློབ་ཚན་ལ་ལེན་གྱི་ཡོད། ང་སློབ་གྲྭ་ལ་འགྲོ་སྐབས་བོད་ཡིག་དགེ་རྒན་གྱི་ཡི་གེ་སློབ་སྐབས་ང་རང་ཧ་ཅང་སྐྱིད་པོ་དང་བོད་ཡིག་སློབ་ཚན་སྦྱང་འདོད་ཆེན་པོ་ཞིག་་ཡོད། ང་རང་བོད་ཡིག་དགེ་རྒན་ལ་ཧ་ཅང་དགའ་པོ་ཡོད། ཁོ་ཚོའི་སློབ་ཁྲིད་བྱེད་པའི་དུས་ཡག་པོ་བྱེད་གནང་གི་ཡོད། བོད་ཡིག་དགེ་རྒན་ཞིག་གིས་ཡི་གེ་སློབ་སྐབས་ང་རང་སེམས་ལ་ཚོར་བ་སྐྱིད་པོ་ཞིག་འབྱུང་གི་འདུག ང་རང་ཆེན་པོ་ཆགས་ན་ཝ་ར་ཎ་སིར་འགྲོ་ནས་བོད་ཡིག་དགེ་རྒན་ཆེན་པོ་ཞིག་བྱ་འདོད་འདུག དེ་མ་ཚད་ང་རང་ཆེན་པོ་ཚགས་ན་སོ་སོའི་དམིགས་ཡུལ་སྒྲུབ་ཐུབ་པར་བྱེད་པ་དང་རྟག་ཏུ་(ཀ་རུ་ན་) ཕན་བདེ་དགའ་ཚལ་ལ་ཞབས་སྤྱི་ཞུ་ཡག་དེ་ཡང་ངའི་མ་འོངས་པའི་དམིགས་ཡུལ་གཅིག་ཡིན། ང་རང་བོད་ཡིག་དགེ་རྒན་བྱེད་འདོད་ཡོད་པའི་སློབ་སྦྱོང་ཡག་པོ་སྦྱང་པ་དང་སོ་སོའི་དགེ་རྒན་གྱི་དམིགས་ཡུལ་དེ་སྒྲུབ་ཐུབ་པར་བྱེད་ཀྱི་ཡིན། མཐར་ང་རང་མ་འོངས་པ་ཆེན་པོ་ཚགས་ན་བོད་ཡིག་དགེ་རྒན་བྱ་རྩིས་ཡོད། དམིགས་ཡུལ་རང་ལ་ཡོད་དུས། དམིགས་ཡུལ་ནོར་ཉམས་མ་ཚོད། དམིགས་ཡུལ་མི་ལ་ཤོར་དུས། སེམས་པ་སྐྱོ་ནས་སྐྱོ་གྱིས།
ངའི་མ་འོངས་པའི་དམིགས་ཡུལ།
བསྟན་འཛིན་འཛོམས་སྐྱིད། འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། གནམ་སྔོ་དྭངས་ཤིང་བསིལ་རླུང་དལ་གྱིས་ལྡང་བའི་རེས་གཟའ་མིག་དམར་གྱི་ཞོགས་པ་བོད་ཡིག་རྒན་ལགས་ཀྱིས་འཛུམ་དམུལ་དམུལ་ངང་འཛིན་ཁང་ནང་ཕེབས་ཏེ་སློབ་ཕྲུག་ཚང་མར་ངག་འཇམ་ཞི་དུལ་གྱི་ངང་ནས་ཁྱེད་ཚོས་ངེས་པར་དུ་རང་གི་མ་འོངས་པའི་དམིགས་ཡུལ་ཞིག་གི་ཆེད་དུ་རྩོམ་ཡིག་དོན་སྙིང་ལྡན་པ་ཞིག་འབྲི་དགོས་ཞེས་གསུངས་མ་ཐག ངས་ལམ་སེང་དཔེ་སྒྲོམ་གྱི་ནང་ནས་འབྲི་དེབ་བཏོན་ཏེ་འབྲི་འགོ་བརྩམས་པ་ཡིན། ང་དང་འདྲ་བའི་ན་ཆུང་སློབ་ཕྲུག་ཚང་མར་རང་རང་གི་འདོད་མོས་དང་མཐུན་པའི་དམིགས་ཡུལ་རེ་ཡོད། ཁ་ཤས་སློབ་མཐར་རྗེས་སྨན་པ། གསར་གཏོད་མཁས་པ། དགེ་རྒན། ཁ་ལོ་བ། ཚན་རིག་མཁས་ཅན་སོགས་བྱ་འདོད་ཡོད། ང་ཚོ་སློབ་སྦྱོང་བྱེད་མཁན་ན་ཆུང་སློབ་ཕྲུག་ཚོར་ཆུང་དུས་ནས་དམིགས་ཡུལ་ཞིག་དགོས་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་རེད་བསམ་གྱི་འདུག རྒྱུ་མཚན་ནི། མ་འོངས་པར་ང་ཚོ་སྤྱི་ཚོགས་ནང་མགོ་བོ་མཐོན་པོར་བསྒྲེངས་ཏེ་ལས་རིགས་གཅིག་གི་ཐོག་ལ་མཁས་པ་བྱེད་དགོས་ཀྱི་ཡོད། དམིགས་ཡུལ་ནི། མ་འོངས་པར་རང་ཉིད་མི་ཚེའི་ནང་ལས་རིགས་གང་ཞིག་བྱ་འདོད་ཡོད་པ་དེ་ལ་དམིགས་ཡུལ་ཟེར་གྱི་རེད། དམིགས་ཡུལ་མེད་པའི་མི་དེ་ཚོ་རང་ཉིད་ནག་ཐུམ་ཐུམ་གྱི་མུན་ནག་ཁྲོད་དུ་གོམ་སྟབས་སྤོས་ཏེ་འགྲོ་བཞིན་པ་དང་གཅིག་མཚུངས་རེད།ཅེས་རྒན་ལགས་ཀྱིས་རྟག་ཏུ་སློབ་ཚན་ཁྲིད་པའི་སྐབས་སུ་གསུང་གི་འདུག ངའི་དམིགས་ཡུལ་ནི་མ་འོངས་པར་འཛམ་གླིང་སྟེང་གི་བདག་མེད་སྲོག་ཆགས་རིགས་སྲུང་སྐྱོབ་བྱེད་མཁན་ཞིག་དང་རུ་ཁག་ཆུང་ཆུང་ཞིག་ཀྱང་འཛུགས་འདོད་ཆེན་པོ་ཡོད། གང་ཡིན་ཟེར་ན། འཛམ་གླིང་ནང་སྲོག་ཆགས་གྲངས་ལས་འདས་པ་བདག་མེད་དུ་ལུས་ཡོད་པ་དང། ཁོ་ཚོར་རྨས་སྐྱོན་ཕོག་པ་དང་ནད་ཀྱིས་མནར་དུས་ལྟ་སྐྱོང་བྱེད་མཁན་ཧ་ཅང་དཀོན་པོ་དང་ཁོ་ཚོར་ནུས་པ་ཡང་མེད།ང་རང་ཡང་ཆུང་དུས་ནས་སེམས་ཅན་དང་ཁྱི་སོགས་ལ་ཧ་ཅང་དགའ་པོ་དང་ཁོ་ཚོ་མཉམ་དུ་རྩེད་མོ་རྩེ་དུས་ཚོར་སྣང་གཞན་དང་མི་འདྲ་ཞིང་སེམས་ལ་བདེ་སྐྱིད་ཐོབ་ཀྱི་འདུག ང་ལ་སེམས་ཅན་རིགས་གསོ་སྐྱོང་དང་ལྟ་རྟོག སྨན་བཅོས་བྱེད་པའི་ལག་རྩལ་དང་མཐུན་རྐྱེན་སོགས་གང་ཡང་མེད་ནའང། ངས་ད་ལྟ་ནས་འབད་བརྩོན་དང་སེམས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་པ་མ་ཟད་བདག་ཉར་གསོ་སྐྱོང་བྱེད་སྟངས་སོགས་ལའང་དོ་སྣང་དང་སློབ་སྦྱོང་བྱེད་ཀྱི་ཡིན། མ་གཞི་ནས་སེམས་ཅན་དེ་དག་ང་ཚོ་མི་ནང་བཞིན་བསམ་བློ་བཏང་རྒྱུའི་ནུས་པ་མེད་ཀྱང། ཁོ་ཚོར་བྱམས་སྐྱོང་དང་ལྟ་སྐྱོང་བྱེད་ན་སྐབས་རེ་མི་ལས་ལྷག་པའི་བཀའ་དྲིན་བསམ་ཤེས་དང་དྲིན་ལམ་འཇལ་གྱི་རེད། འོན་ཀྱང་འཛམ་གླིང་འདིའི་ཐོག་སེམས་ཅན་དང་སྡུག་པོ་བཏང་བ་དང། དོན་མེད་སྲོག་བཅད་མཁན་མང་པོ་ཡོད་ཀྱང། ཁོ་ཚོར་སྲུང་སྐྱོབ་བྱེད་མཁན་མང་པོ་མེད། དེར་བརྟེན། ངས་མ་འོངས་པར་བདག་མེད་དུ་ལུས་པའི་སེམས་ཅན་དེ་ཚོའི་ཆེད་དུ་ཚོགས་པ་ཆུང་ཆུང་ཞིག་བཙུགས་པ་དང། ཁོ་ཚོར་ཟས་སྤྲད་པ་མ་ཟད་སྨན་བཅོས་བྱེད་པ་དང། སྙིང་རྗེ་བྱས་ཏེ་སྲུང་སྐྱོབ་བྱེད་ཀྱི་ཡིན། ངས་རང་ཉིད་ཀྱི་དམིགས་ཡུལ་དེ་སྒྲུབ་ཐུབ་ཀྱི་རེད། སྙམ་པའི་ཡིད་ཆེས་བརྟན་པོ་ཡོད།།
