བསོད་ནམས་ཤར་པ། འཛིན་གྲྭ་ལྔ་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ངའི་གྲོགས་པོ་ལ་ཀརྨ་ཟེར་བ་ཞིག་ཡོད། ཁོང་ལ་ཁོ་རང་གིས་བྱམས་པོ་གནང་སའི་ཞི་མི་ཆེན་པོ་ཞིག་ཡོད་རེད། ཉིན་ཞིག་ཞོགས་པ་སྔ་པོ་བུ་ཀརྨ་ལགས་ཡར་ལངས་ཏེ་ཞི་མི་ཐུག་ཏུ་ཕྱིན་པས། ཞི་མི་མ་རག་པས་སེམས་པ་སྐྱོ་བོའི་ངང་ནས་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ་ངའི་ཞི་མི་མི་འདུག་ལབ་ནས་སྐད་བརྒྱབ་སྟེ་ཞི་མི་བཙལ། དང་པོ་ཁོས་ཐབ་ཚང་གི་སྣོད་ཁྲི་འོག་དང་ཚལ་ཁྲི་འོག་ཏུ་ཞི་མི་དེ་ཡོད་མེད་བཙལ་ཀྱང་ཞི་མི་མ་རག་ནས་པ་ལགས་དང་ཨ་མ་ལགས་ལ་ངའི་ཞི་མི་མི་འདུག་ལབ་ནས་ངུ་བཤད་བྱས། ཁོང་གི་པ་ལགས་དང་ཨ་ལགས་གཉིས་ཀ་ཕྱི་ལོག་ཏུ་ཕྱིན་ཏེ་གཡས་གཡོན་ཚང་མ་ལ་ཞི་མི་དེ་ཡོད་མེད་གཟིགས་ཀྱང་། ཞི་མི་དེ་མ་རག་ནས་ཁོང་སེམས་ཤུགས་ཆག་ནས་རྐུབ་བཀྱག་གི་སྟེང་དུ་ངུ་བཞིན་བསྡད། དེ་ནས་ཅུང་ཙམ་གྱི་རྗེས་སུ་ཉལ་ཁང་དུ་སོང་ནས་གཉིད་ཉལ་བས་ཁོའི་རྨི་ལམ་གྱི་ནང་དུ་ཞི་མི་དང་མཉམ་དུ་རྩེད་མོ་རྩེ་ནས་བསྡད་ཡོད་པ་རྨིས། རྨི་ལམ་དེ་རྫོགས་པ་དང་ཁོང་གཉིད་སད་ནས་ཡར་ལངས་ཏེ་ཞལ་ལག་མཆོད་ཞོར་དུ་ངུས། སྐབས་དེར་ཨ་མ་ལགས་ཀྱིས་ངུ་དགོས་མ་རེད། ཞི་མི་དེ་ང་ཚོས་ཡང་བསྐྱར་བཙལ་གོ། ག་ལེར་རག་ཡོང་གི་རེད་ལབ་ནས་བསླབ་བྱ་གང་མང་གནང་སོང། ཉིན་མོ་དེ་ནི་ཀརྨ་ཁོ་རང་གི་སྐྱེས་སྐར་གྱི་ཉིན་མོ་དེ་ཡིན། དེ་ནས་ཁོ་རང་ཁོ་རང་གི་སྐྱེས་སྐར་ཆེད་གྲ་སྒྲིག་བྱེད་དུ་ཕྱིན་པ་རེད། སྐྱེས་སྐར་གྲ་སྒྲིག་བྱེད་པའི་དུས་སུ་ཀརྨ་ཁོ་རང་གི་གྲོགས་པོ་མང་པོ་ཞིག་གྲ་སྒྲིག་ལ་རོགས་པ་བྱེད་དུ་ཡོང་སྟེ་ལས་ཀ་ཚང་མ་མཉམ་དུ་བྱས་པས་མགྱོགས་པོར་ལས་ཀ་དེ་དག་ཚར་ཡོད། གྲ་སྒྲིག་ཚར་རྗེས་སུ་ཀརྨ་ཡི་གྲོགས་པོ་རྣམས་ཀརྨའི་ཉལ་ཁྲིའི་སྒང་ལ་མཉམ་དུ་བསྡད། ཀརྨ་ཡིས་དེ་རིང་ངའི་ཞི་མི་དེ་བརླགས་སོང་བས་ང་རང་སེམས་པ་དེ་ཙམ་སྐྱིད་པོ་མི་འདུག་ལབ་ནས་སྐྱོ་གཏམ་བཤད། ང་དང་ཁོང་གི་གྲོགས་པོ་ཚོས་དང་པོ་ང་ཚོས་ཁྱེད་རང་གི་སྐྱེས་སྐར་གཏོང་། དེ་ནས་ང་ཚོ་ཞི་མི་བཙལ་དུ་འགྲོ་དགོས་ལབ་སྟེ་གྲོས་འགོ་བཏོན་པ་དང་། ཀརྨ་ཡིས་ང་ཚོའི་སྐད་ཆ་དེ་དག་ངོས་ལེན་བྱས་ཏེ་སྐྱེས་སྐར་གཏོང་བའི་ལས་ཀ་རྣམས་འགོ་འཛུགས་ཞུ་བཞིན་ཡོད་པའི་སྐབས་དེར། ཁོང་གི་པོ་པོ་ལགས་ཀྱིས་ཁྱེད་ཚོས་ཞི་མི་འཚལ་གྱི་ཡོད་ས་རེད། ཞི་མི་འདི་ངས་ཕྱི་ལོག་ལ་རླུང་སངས་བྱེད་དུ་ཁྱེར་སོང་བ་ཡིན། སེམས་འཁྲལ་མ་གནང་རོགས་ལབ་ནས་ཞི་མི་དེ་པོ་པོས་པང་དུ་བཀྱགས་སྟེ་ནང་དུ་སླེབས་སོང་། སྐབས་དེར་ཁོང་དང་ང་ཚོ་ཚང་མ་སེམས་པ་དགའ་ནས་གད་མོ་ཤོར། དེ་ནས་ཀརྨ་ཡིས་ཁོ་རང་གི་ཞི་མི་དེ་ཚུར་ཁྱེར་ཡོང་ནས་ཞི་མི་དང་མཉམ་དུ་རྩེད་མོ་རྩེ་ཞོར་དུ་ཁོང་གི་སྐྱེས་སྐར་གྱི་སྤྲི་གོར་བཏུབ་སོང་། སྤྲི་གོར་དེ་བཏུབ་ཚར་བ་དང་ཀརྨ་ཁོ་རང་གིས་སྤྲི་གོར་གྱི་ཕུད་དེ་མཆོད་ཁང་ནང་དུ་ཁྱེར་ནས་སོང་ཏེ་མཆོད་ཁྲི་ཡི་ཀུན་དགའ་ར་བ་ལ་བཞུགས་པའི་༸གོར་ས་མཆོག་གི་སྐུ་པར་གྱི་མདུན་དུ་ཡར་བཤམས། དེའི་རྗེས་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་ཕྱག་གསུམ་འཚལ་ཞིང་ལག་པ་གཉིས་ཕྱག་རྒྱ་བྱས་ཏེ་གསོལ་བ་སྨོན་ལམ་མང་པོ་ཞིག་གནངསོང་། དེ་དག་ཚར་བ་དང་ང་ཚོོས་ཁོང་གི་སྐེ་ལ་ཁ་བཏགས་རེ་གཡོགས་པ་དང་རྔན་པ་འདྲ་མིན་སྤྲད་པ་ཡིན། དེ་ནས་ཁོང་གིིས་ང་ཚོ་ལ་སྤྲི་གོར་བགོ་འགྲིམས་གནང་སྟེ་ང་ཚོ་ཚང་མས་མཉམ་དུ་སྤྲི་གོར་བཟས། ང་ཚོས་ཕར་ཚུར་སྐད་ཆ་འདྲ་མི་འདྲ་བཤད་དེ་བསྡད་པ་ཡིན། དེ་ནས་ཏོག་ཙམ་གྱི་རྗེས་ལ་ཁོང་གིི་ཨ་མ་ལགས་ཀྱིས་ང་ཚོ་ཞལ་ལག་མཆོད་དུ་ཕེབས་ཤོག་ཟེར་ནས་སྐད་བཏང་སོང་བས། ང་ཚོ་ཚང་མ་ཡར་ལངས་ཏེ་ཞལ་ལག་མཆོད་དུ་སོང་ནས་ཞལ་ལག་ཁང་གི་རྐུབ་བཀྱག་ལ་བང་སྒྲིག་ནས་བསྡད། ཁོང་གི་ཨ་མ་ལགས་ཀྱིས་ང་ཚོ་ཚང་མ་ལ་ཞག་ལག་གནང་སོང་། ཞལ་ལག་དེ་གྲུབ་མཚམས་སུ་ང་ཚོས་རྩེད་མོ་ཁ་ཤས་ཤིག་རྩེས། དེ་ནས་ཁོང་གི་སྐྱེས་སྐར་རྫོགས་ནས་ང་ཚོ་ཚང་མ་རང་རང་གི་ནང་དུ་ལོག་སོང་བ་ཡིན། ཉིན་མོ་དེར་དཔེ་སྐྱིད་པོ་བྱུང་།
སྟོབས་ཆེན་དང་སྒྲོལ་མ་ངེད་ཚོ
པདྨ་ལས་འཕྲོ། འཛིན་གྲྭ་ལྔ་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ང་ནི་རྡོར་གླིང་སཾ་བྷོ་ཊའི་གཏན་སློབ་ཀྱི་འཛིན་གྲྭ་ལྔ་པའི་སློབ་མ་ཞིག་ཡིན། ངས་ང་རང་གི་སློབ་གྲྭའི་ནང་གི་སློབ་ཕྲུག་དང་འབྲེལ་བའི་དངོས་བྱུང་གི་སྒྲུང་ཞིག་འབྲི་རྒྱུ་ཡིན། ངེད་ཚོའི་སློབ་གྲྭ་ལ་སྒྲོལ་མ་ཟེར་བའི་སློབ་ཕྲུག་སྤྱོད་པ་ཡག་པོ་ཡོད་པ་ཞིག་དང་སྟོབས་ཆེན་ཟེར་བའི་སློབ་ཕྲུག་སྤྱོད་པ་ཅུང་ཙམ་མ་རབས་ཅན་ཞིག་བཅས་སློབ་ཕྲུག་མང་པོ་ཡོད། སྒྲོལ་མ་དང་སྟོབས་ཆེན་གཉིས་ནི་ང་རང་དང་འཛིན་གྲྭ་གཅིག་པ་ཡིན་པས་རྒྱུན་དུ་ཁོང་གཉིས་ཀྱི་སྤྱོད་པ་གང་འདྲ་ཡོད་མེད་དང་སློབ་སྦྱོང་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ངས་གསལ་པོ་ཤེས་ཀྱི་ཡོད། སྟོབས་ཆེན་དང་ངེད་གཉིས་ནི་ཉལ་ཁང་ཡང་གཅིག་པ་རེད། སྒྲོལ་མ་ལགས་ནི་སེམས་པ་བཟང་བས་ང་ཚོ་ཚང་མ་ཡིས་མོ་ལ་འཆམ་པོ་བྱེད་པ་དང་མཉམ་རོགས་བྱེད་ཀྱི་ཡོད། ཉིན་ཞིག་སྟོབས་ཆེན་གྱིས་སྒྲོལ་མ་དང་ང་ཚོ་འཆམ་པོ་ཡོད་པའི་སྐད་ཆ་དེ་གོ་བ་དང་། སྟོབས་ཆེན་གྱིས་ང་ཚོའི་འགྲམ་དུ་སྐྱེས་པའི་ཤིང་སྡོང་དེ་བཅག་སོང་། བསྟན་འཛིན་གྱིས་ཤིང་སྡོང་དེ་བཅག་གི་ཡོད་པ་མཐོང་བ་དང་སྟོབས་ཆེན་ལ་དེ་འདྲ་མ་བྱེད་མཚམས་ཞོག་ལབ་པ་དང་། སྐད་ཆ་དེར་ཉན་འཇོག་མེད་པར་སྟོབས་ཆེན་གྱིས་ད་དུང་འཚུབ་པོ་བྱས་ནས་བསྟན་འཛིན་ལ་གཞུས་སོང་། དེ་ནས་ང་རང་གིས་དེ་དག་མཐོང་བ་དང་སྒྲོལ་མ་ལ་ལབ་ཏུ་ཕྱིན་པ་ཡིན། སྒྲོལ་མ་ཡང་མགྱོགས་པོ་བྱས་ཏེ་སླེབས་སོང་། སྒྲོལ་མ་དང་ངའི་གྲོགས་པོ་ང་ཚོ་ཚང་མ་ཡིས་བསྟན་འཛིན་ལ་རོགས་པ་བྱས་པ་ཡིན། དེ་དུས་སྟོབས་ཆེན་གྱི་སེམས་ལ་ཞེད་སྣང་ཏོག་ཙམ་སྐྱེས་ནས་བསྟན་འཛིན་ཀྱི་ལག་པས་གློད་གནང་སོང་། དེ་ནས་བཟུང་སྟེ་སྟོབས་ཆེན་ང་ཚོ་དང་འཆམ་པོ་ཆགས་པ་ལ་འགོ་བཙུགས་པ་རེད། རྗེས་མ་ནས་སྟོབས་ཆེན་ལ་རྔན་པ་ཡོད་ན་ང་ཚོ་ལ་སྤྲད་ཀྱི་འདུག ང་ཚོས་ཀྱང་སྟོབས་ཆེན་ལ་སྤྲད་ཀྱི་ཡོད། དེ་ནས་ག་ལེར་ག་ལེར་སྒྲོལ་མ་དང་སྟོབས་ཆེན་ང་ཚོ་ཚང་མ་འཆམ་པོ་ཆགས་སོང་། ང་ཚོ་འཆམ་པོ་ཆགས་རྗེས་སུ་སྟོབས་ཆེན་གྱི་སེམས་པ་ལ་འགྱུར་བ་ཕྱིན་ཏེ་སྤྱོད་པ་བཟང་པོ་ཅན་ཞིག་ཆགས་སོང་། ང་ཚོ་ཡང་སྟོབས་ཆེན་དང་མཉམ་དུ་སེམས་པ་དགའ་བཞིན་རྩེད་མོ་རྩེ་ཡི་ཡོད། སྟོབས་ཆེན་ཡང་དགའ་ནས་གད་མོ་དགོད་ཞོར་རྩེད་མོ་ལ་ཡོང་གི་རེད། ང་ཚོས་ནམ་རྒྱུན་རྩེད་མོ་ཕལ་ཆེ་བ་དེ་རྐང་རྩེད་སྤོ་ལོ་རྩེ་ཡི་ཡོད། སྒྲོལ་མ་དང་ང་ཚོས་ཚོགས་ཐེངས་ཚོགས་དུས་མཉམ་དུ་ཡི་གེ་སྦྱོང་གི་ཡོད། སྟོབས་ཆེན་གྱིས་ཀྱང་མཉམ་དུ་ཡོང་སྟེ་སྦྱོང་གི་རེད། ཉིན་ཞིག་ཡང་སྟོབས་ཆེན་ཟེར་བའི་སློབ་མ་གསར་པ་ཞིག་སླེབས་སོང་། དེ་ནས་བཟུང་སྟེ་ང་ཚོས་སྟོབས་ཆེན་རྙིང་པ་ལ་སྟོབས་ཆེན་ཀ་དང་གསར་པ་ལ་སྟོབས་ཆེན་ཁ་ཟེར་ནས་འབོད་ཀྱི་ཡོད། ཉི་མ་ཁ་ཤས་ཀྱི་རྗེས་སུ་སྟོབས་ཆེན་གཉིས་ཀ་ང་ཚོ་དང་འཆམ་པོ་ཆགས་སོང་། ཁོང་གཉིས་ང་ཚོ་དང་འཆམ་པོ་ཆགས་དུས་ང་ཚོ་ཡང་སེམས་པ་དགའ་སོང་། བར་མཚམས་ཤིག་ནས་སློབ་གྲྭ་ལ་ལག་རྩེད་སྤོ་ལོ་ཡི་རྩེད་མོའི་འགྲན་བསྡུར་ཞིག་གནང་རྒྱུ་ཡིན་པ་གོ་སོང་། ངས་སྐད་ཆ་དེ་གོ་བ་དང་སྟོབས་ཆེན་ཀ་པ་ལ་དེ་ལྟར་ལབ་པ་ཡིན། སྒྲོལ་མ་ཡིས་སྟོབས་ཆེན་ཀ་པ་ཁྱེད་རང་གིས་རྩེད་མོ་དེ་རྩེས་ན་ཡག་པོ་ཡོད་རེད་ཟེར་ནས་བསླབ་བྱ་མང་པོ་གནང་སོང་། སྟོབས་ཆེན་ཀ་པ་ཡང་སེམས་པ་དགའ་ཐག་ཆོད་ནས་ཁོས་ལག་རྩེད་སྤོ་ལོའི་རྩེད་མོ་དེ་རྩེ་དགོས་ལབ་སོང་། ང་རང་གིས་ཀྱང་ཁོང་གིས་རྩེད་མོ་དེ་རྩེས་ན་ཡག་པོ་འདུག་དྲན་སོང་། གང་ཡིན་ཟེར་ན། སྟོབས་ཆེན་ཀ་པ་ལགས་ནི་ཤ་ཏོག་ཙམ་རྒྱགས་པ་ཡིན་པས་རྩེད་མོ་དེ་རྩེས་ན་གཟུགས་པོ་ལ་འཕྲོད་བསྟེན་ཡོང་གི་རེད་བསམས་བྱུང་། དེའི་སང་ཉིན་དེར་སྟོབས་ཆེན་ཀ་པ་ཡིས་ལག་རྩེད་སྤོ་ལོ་རྩེས་བ་མ་ཟད་ཁོང་ལ་རྩེད་མོ་དེའི་ནང་ནས་རྔན་པ་ཞིག་ཀྱང་ཐོབ་སོང་། སྐབས་དེར་ང་རང་གིས་སྐད་ཅོར་ཆེན་པོ་བརྒྱབ་ནས་སྟོབས་ཆེན་ཀ་པ་ལ་དགའ་བསུ་ཡི་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། དེ་ནས་སྟོབས་ཆེན་ཀ་པ་ཡིས་ལག་པ་ལ་རྔན་པ་མང་ཙམ་ཞིག་ཁྱེར་ནས་ཡོང་སྟེ་ང་རང་ལ་ཏོག་ཙམ་སྤྲད་པ་དང་ཁོ་རང་གིས་ཀྱང་བཟས་སོང་། རྔན་པ་ལྷག་མ་དེ་དག་སྒྲོལ་མ་དང་ཁོང་ཚོ་ལ་སྤྲོད་རྒྱུ་ཡིན་ཟེར་ནས་ཚགས་བྱས་སོང་། དེ་ནས་ངེད་གཉིས་སྐྱིད་པོའི་ངང་ནས་ནང་ལ་ལོག་པ་ཡིན། ཡང་བསྐྱར་ཉིན་ཞིག་སྟོབས་ཆེན་དང་སྒྲོལ་མ་ང་ཚོ་ཚང་མ་རྐང་རྩེད་སྤོ་ལོ་རྩེ་རུ་ཕྱིན་པ་ཡིན། ང་ཚོས་རྐང་རྩེད་སྤོ་ལོའི་རྩེད་མོ་དེ་རྩེས་ཚར་ཏེ་ཡོང་བའི་ལམ་བར་དུ་ཨ་ནེ་ལགས་ཤིག་གིས་ང་ཚོ་ལ་སྒོར་ལྔ་བཅུ་ཐམ་པ་གནང་སོང་། སྒྲོལ་མ་དང་། སྟོབས་ཆེན་ཀ་པ་སོགས། ངེད་འཛིན་གྲོགས་ཚོ་ཚང་མ་སེམས་པ་དགའ་ནས་ཚོང་ཁང་ལ་སོང་སྟེ་སྒོར་མོ་བཅུ་ཡིས་འགྱིག་བྱི་རིལ་རེ་ཉོས་ནས་ཕྱིན་པ་ཡིན།
ང་དང་ངའི་གྲོགས་མོ་པདྨ་བདེ་ས
པདྨ་བདེ་སྐྱིད་ཤར་པ། འཛིན་གྲྭ་ལྔ་པ།རྡོར་གླིང་སཾ་བྷོ་ཊ་གཏན་སློབ། ངའི་གྲོགས་མོའི་ལ་པདྨ་བདེ་སྐྱིད་ཟེར་གྱི་ཡོད། ངེད་གཉིས་མིང་གཅིག་པ་རེད། ཁོང་ནི་ལོ་བཅུ་གཅིག་རེད། ང་དང་ངའི་གྲོགས་མོ་པདྨ་བདེ་སྐྱིད་ནི་ཆུང་དུས་ནས་འཆམ་པོ་བསྡད་ཀྱི་ཡོད། ངེད་གཉིས་སློབ་གྲྭ་ཡང་གཅིག་པ་རེད། འོན་ཀྱང་ངེད་གཉིས་འཛིན་གྲྭ་ཁ་ཁ་ཡིན། ཁོང་ནི་སློབ་སྦྱོང་ལ་ཡག་པོ་དང་སྤྱོད་པ་ཡང་བཟང་པོ་རེད། ངའི་གྲོགས་མོ་པདྨ་བདེ་སྐྱིད་ནི་སློབ་ཚན་ཚང་མ་ལ་དགའ་བོ་ཡོད་རེད། ཡིན་ནའང་དེའི་ནང་ནས་ཆེས་དགའ་ཤོས་ནི་བོད་ཡིག་རེད་འདུག མོ་རང་བོད་ཡིག་ལ་དགའ་ཤོས་གང་འདྲ་བྱས་ནས་ཆགས་པ་རེད་ཞུས་ན། ལོ་སྔོན་མར་མོ་རང་གིས་བོད་ཡིག་གི་ཐོག་ནས་རྩོམ་ཡིག་ཅིག་བྲིས་པ་དང་། རྩོམ་ཡིག་དེ་ལ་ཤེས་རིག་གིས་ལག་འཁྱེར་དང་རྔན་པ་ཐོབ་འདུག་པས་དེ་བས་ཡིན་གསུངས་སོང་། སྤྱིར་བཏང་ནས་རྒྱུན་དུ་མོས་ལས་ཀ་ག་རེ་ཡིན་ཡང་ཧུར་པོ་བྱས་ནས་བྱེད་ཀྱི་ཡོད། ཁོང་ཆུང་དུས་ནས་གཞན་ལ་རོགས་པ་གནང་རྒྱུ་ལའང་དགའ་མོས་ཡོད། རྒན་ལགས་ཀྱིས་ཁོང་གི་དགའ་ཕྱོགས་དང་གནང་སྟངས་ལ་གཟིགས་ཞིབ་གནང་སྟེ་རྒན་ལགས་ཀྱིས་ཀྱང་ཁོང་ལ་སེམས་ཐག་ཉེ་བོ་གནང་གི་རེད། ཁོང་གི་ལུང་པ་ནི་ང་དང་གཅིག་མཚུངས་ཀྱི་བལ་ཡུལ་ནས་རེད། བལ་ཡུལ་ནང་གི་ལུང་པའི་མིང་ལ་དྷམ་ཀུ་ཊའི་ཟེར་གྱི་ཡོད། ཁོང་གི་ཨ་མའི་མཚན་ལ་བཀྲ་ཤིས་བཟང་མོ་དང་། ཨ་ཕའི་མཚན་ལ་ཕུར་བུ་རྡོ་རྗེ་ཟེར་གྱི་ཡོད་ཅིང་། ངའི་གྲོགས་མོ་པདྨ་བདེ་སྐྱིད་ནི་ཁོང་གི་ཕ་མ་གཉིས་ལ་ཕྲུ་གུ་གཅིག་ལས་མེད་པའི་ཕྲུ་གུ་དེ་རེད། དེའི་རྐྱེན་གྱིས་མོ་རང་གི་སློབ་སྦྱོང་ཆེད་དུ་ཕ་མ་གཉིས་ལ་དཀའ་ངལ་དེ་འདྲ་ཡོད་ས་མ་རེད། གྲོགས་མོ་མོ་རང་ཆུང་དུས་བལ་ཡུལ་སློབ་གྲྭ་ལ་ཡོད་དུས་ནས་སྡིངས་ཆའི་སྒང་དུ་ཡར་ལངས་ཏེ་སྐད་ཆ་བཤད་རྒྱུ་དང་གཏམ་རྒྱུད་འཁྲབ་རྒྱུ་ལ་ཧ་ཅང་དགའ་མོས་ཡོད་པ་དང་ཞེད་སྣང་མེད་པ་དེ་འདྲ་ཞིག་རེད། ད་ཆ་ཡང་དེ་ལྟར་རེད་འདུག་པས་ངེད་ཚོའི་སློབ་གྲྭའི་བྱེད་སྒོ་གང་འདྲ་ཞིག་ཡོད་ཀྱང་མོ་རང་དེར་མཉམ་ཞུགས་གནང་གི་རེད། མོ་རང་གཞས་འཁྲབ་སྟངས་ཧ་ཅང་ཡག་པོ་ཡོད་པས། ངས་བར་སེང་སྐབས་སུ་མོ་རང་གིས་གཞས་འཁྲབ་སྟངས་ལ་བལྟས་ནས་གཞས་སྦྱོང་གི་ཡོད། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒན་ལགས་ཀྱིས་ཤོག་གུ་གསུམ་ཅན་ཞིག་ཁྱེར་ཡོང་ནས་ང་ཚོའི་འཛིན་ཁང་གི་སྦྱར་པང་ངོས་སུ་སྦྱར་སོང་། དེ་དང་མཉམ་དུ་རྒན་ལགས་ཀྱིས་ད་ལོ་ཤེས་རིག་གིས་རྩོམ་འབྲི་དགོས་པའི་ལམ་སྟོན་ཞིག་སླེབས་འདུག་པས་ཁྱེད་རང་ཚོས་རྩོམ་ཡིག་འབྲི་དགོས་རེད་གསུངས་བྱུང་། དེ་ནས་ང་ཚོ་ཚང་མ་ཡར་ལངས་ཏེ་གསལ་བསྒྲགས་ཀྱི་ཡི་གེ་དེ་བཀླགས་པ་ཡིན། དེ་རྗེས་ལ་རྒན་ལགས་ཀྱིས་ང་ཚོ་ལ་གང་འདྲ་བྱས་ནས་རྩོམ་ཡིག་འབྲི་དགོས་པའི་ལམ་སྟོན་གནང་བྱུང་། ནམ་རྒྱུན་ང་ཚོ་ལ་རྒན་ལགས་ཀྱིས་ཚིགས་བཅད་ཀྱི་རྩོམ་ཡིག་འབྲི་སྟངས་སློབ་གནང་གི་རེད། ཡིན་ན་ཡང་ད་ལོ་ཚིག་ལྷུག་གི་རྩོམ་ཡིག་འབྲི་དགོས་རེད་ལབ་ནས་ཚིག་ལྷུག་འབྲི་སྟངས་བསླབས་སོང་། དེ་ནས་ང་ཚོོས་ཟླ་བ་གཉིས་ཀྱི་རིང་ཚིག་ལྷུག་གི་རྩོམ་ཡིག་འབྲི་སྟངས་སྦྱོང་པ་ཡིན། ཉིན་ཞིག་རྒན་ལགས་ཀྱིས། ད་ལོ་ལྷུག་རྩོམ་འབྲི་སྟངས་གང་སྦྱངས་པ་དེ་ལས་གང་འདྲ་ཤེས་ཡོད་མེད་ལྟ་རྒྱུ་ཡིན། ཁྱེད་རང་ཚོས་ལྷུག་རྩོམ་ཤོག་གུ་ལྔ་ལས་མ་ཉུང་བར་བྲིས་ཤོག བརྗོད་གཞི་རང་མོས་རེད། རྩོམ་ཡིག་ཡག་ཤོས་དེ་དག་ད་ལོ་ཤེས་རིག་ལས་ཁུངས་ཀྱིས་ལམ་སྟོན་སླེབས་པའི་རྩོམ་ཡིག་གི་གྲས་སུ་སྐུར་རྒྱུ་ཡིན་གསུངས་བྱུང་། དེ་ནས་ང་ཚོ་ཚང་མ་སེམས་པ་དགའ་ནས་ཧུར་ཐག་གིས་རང་རྩོམ་རེ་བྲིས་ཏེ་ཉིན་གཉིས་ཀྱི་རྗེས་སུ་རྒན་ལགས་ལ་ཕུལ་བ་ཡིན། ང་རང་རྩོམ་ཡིག་འབྲི་དུས་ངའི་གྲོགས་མོ་པདྨ་བདེ་སྐྱིད་ལ་སྐད་ཆ་འདྲི་ནས་བྲིས་ཀྱི་ཡོད། མཚམས་རེར་ཁོང་གིས་ང་ལ་བཀའ་བཀྱོན་ཡང་གཏོང་གི་རེད། ཡིན་ན་ཡང་ཁོང་གིས་ང་ལ་བཀའ་བཀྱོན་གཏོང་དུས་ང་རང་རླུང་ལང་གི་མི་འདུག ཁོང་གིས་ང་རང་ཡག་པོ་ཆགས་པའི་ཆེད་དུ་གསུང་གི་ཡོད་པ་ངས་ཤེས་ཀྱི་ཡོད། ཉི་མ་ཁ་ཤས་ཀྱི་རྗེས་སུ་རྒན་ལགས་ཀྱིས་ཁྱེད་རང་ཚོའི་རྩོམ་ཡིག་ཚང་མ་བཀླགས་པ་ཡིན། མང་ཆེ་བ་ཡག་པོ་བྲིས་འདུག་ངས་གང་མང་ཞིག་ཡར་ཤེས་རིག་ལས་ཁུངས་ལ་སྐུར་གྱི་ཡིན་གསུངས་བྱུང་། དེ་དུས་ང་ཚོ་ཚང་མ་སེམས་པ་དགའ་ནས་ལག་པ་བརྡབས་བསྡད་པ་ཡིན། རྒན་ལགས་ཀྱིས་ཁྱེད་རང་ཚོ་སུའི་རྩོམ་ཡིག་ལ་ལག་འཁྱེར་ཐོབ་སོང་ན་དེ་དག་འཆམ་འཆམ་འཁྲིད་ཀྱི་ཡིན་གསུངས་ནས་ཕེབས་སོང་། དེ་ནས་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་རྒན་ལགས་ཀྱིས་རྩོམ་ཡིག་གི་ལག་འཁྱེར་དང་རྔན་པ་སུ་ལ་ཐོབ་ཡོད་མེད་གསལ་བསྒྲགས་གནང་སོང་། ངའི་གྲོགས་མོ་པདྨ་བདེ་སྐྱིད་ལ་རྔན་པ་ཐོབ་འདུག་པས་ང་རང་སེམས་པ་ཧ་ཅང་དགའ་སོང་། ངས་ཁོང་ལ་དགའ་བསུ་ཡི་བཀྲ་ཤིས་བདེ་ལེགས་ཞུས་ཏེ་འཐམས་པ་ཡིན། རྒན་ལགས་ཀྱིས་ད་རེས་ཁྱེད་རང་ཚོ་མི་གཅིག་གིས་རྩོམ་ཡིག་ཡག་པོ་བྲིས་ཡོད་ས་རེད། རྗེས་མ་ལ་ཁྱེད་རང་ཚོ་ཚང་མས་ཡག་པོ་འབྲི་ཐུབ་པ་གནང་རྒྱུ་དེ་གལ་ཆེན་པོ་རེད་གསུངས་ནས་ང་ཚོ་ཚང་མ་ལ་བྱི་རིལ་རེ་རྔན་པ་གནང་སོང་། ད་ཐེངས་གུས་མོ་ང་རང་གིས་རྩོམ་འདི་འདྲ་ཞིག་ལས་འབྲི་ཤེས་མ་སོང་། རྗེས་མ་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུ་ཡིན། […]
བཀའ་དྲིན་གཞལ་དུ་མེད་པའི་ངའི
བསྟན་འཛིན་ཡེ་ཤེས། འཛིན་གྲྭ་གསུམ་པ།ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། ངའི་མིང་ལ་བསྟན་འཛིན་ཡེ་ཤེས་ཟེར་ཞིང་། ད་ལྟ་ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ་ཏུ་འཛིན་གྲྭ་གསུམ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། ང་ལ་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་། བྱམས་སེམས་ཅན་གྱི་ཕ་མ་གཉིས་ཡོད་པས་ང་ནི་བསོད་ནམས་ཅན་ཞིག་དང་བདེ་སྐྱིད་ཤིན་ཏུ་ཆེ་བའི་བྱིས་པ་ཞིག་ཡིན། ངའི་དྲིན་ཅན་པཱ་ལགས་ཀྱི་མཚན་ལ་བསྟན་འཛིན་ཆོས་ལྡན་ཞུ་ཞིང་། ཁོང་གིས་དམག་ཞབས་ཀྱི་ལས་དོན་གཉེར་ནས་མི་ལོ་ཉི་ཤུ་ལྷག་ཙམ་འཁོར་ཡོད། པཱ་ལགས་ནི་སེམས་པ་བཟང་ཞིང་གཞན་ལ་རོགས་པ་བྱེད་རྒྱུར་དགའ་བའི་མི་ཞིག་ཡིན་པ་མ་ཟད། ཕྱག་ལས་ཀྱི་བར་གསེང་ནས་ཞལ་ལག་བཟོ་རྒྱུར་ཧ་ཅང་མཁས་པས་ང་ཚོར་ཞིམ་ཟས་སྣ་ཚོགས་ཕུལ་གནང་གི་ཡོད། ལོ་ལྟར་ཟླ་བ་གསུམ་གྱི་གུང་སེང་སྐབས་ནང་དུ་ཕེབས་ནས་ང་ཚོ་འཆམ་འཆམ་ལ་འཁྲིད་པ་དང་། རྔན་པ་དང་རྩེད་ཆས་སྣ་ཚོགས་ཉོས་ཏེ་ང་དང་མཉམ་དུ་རྩེད་མོ་རྩེས་པའི་དུས་ཚོད་ནི་ངའི་མི་ཚེའི་ནང་གི་ཆེས་སྐྱིད་པའི་དུས་ཚོད་ཅིག་ཡིན། ཁོང་གིས་ང་ལ་རྐང་འཁོར་གཏོང་སྟངས་དང་སྤོ་ལོ་རྩེད་སྟངས་བསླབ་པ་ཙམ་མ་ཟད། ང་ལ་དཀའ་ངལ་འཕྲད་སྐབས་རང་ཉིད་ལ་གདེང་ཚོད་དགོས་པའི་རྒྱབ་སྐྱོར་དང་ལམ་སྟོན་གནང་གི་ཡོད། པཱ་ལགས་ཀྱིས་ཁྱིམ་ཚང་གི་ཆེད་དུ་དཀའ་ལས་ཇི་ལྟར་བརྒྱབ་ཀྱང་ནམ་ཡང་ཉོབ་སྣང་མེད་པར། ང་ཚོའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་དཀའ་སྡུག་ཡོད་ཚད་སེམས་ཀྱིས་ཁུར་ནས་བཞུགས་ཀྱི་ཡོད། ངའི་དྲིན་ཅན་ཨ་མ་ལགས་ཀྱི་མཚན་ལ་བསྟན་འཛིན་ཚེ་ལྷ་ཟེར། ཁོང་ནི་སྨན་ཞབས་པའི་སློབ་སྦྱོང་ཐོན་ཞིང་ལོ་མང་པོར་ལས་ཀ་གནང་མྱོང་མཁན་ཞིག་ཡིན་ནའང་། ད་ལྟ་ང་ཚོའི་ཆེད་དུ་ཁྱིམ་ལས་ཁོ་ནར་འབད་བཞིན་བཞུགས་ཡོད། ཨ་མ་ལགས་ནི་ཞོགས་པ་སྔ་པོ་ནས་བཞེངས་ཏེ་ཞལ་ལག་བཟོ་བ་དང་། ཁྱིམ་གཙང་བཟོ་བྱེད་པ། གྱོན་ཆས་འཁྲུད་པ་སོགས་བར་མཚམས་མེད་པའི་ཕྱག་ལས་ཀྱི་བྲེལ་བས་བཞུགས་ཀྱི་ཡོད། ཨ་མ་ལགས་ཀྱིས་ང་ལ་སློབ་སྦྱོང་དང་སྒྲིག་ལམ་ཐད་དམ་འཛིན་ནན་པོ་གནང་གི་ཡོད་པ་དང་། ནོར་འཁྲུལ་ཤོར་སྐབས་སྐབས་རེར་ཐག་པས་གཞུས་ནས་སློབ་གསོ་གནང་གི་ཡོད། དེ་ནི་ང་རང་མི་ཡ་རབས་ཤིག་ཡོང་བའི་ཆེད་དུ་ཡིན་པ་ངས་གསལ་པོ་ཤེས་ཀྱི་ཡོད། ཨ་མ་ལགས་ནི་གཤིས་རྒྱུད་ཧ་ཅང་འཇམ་པོ་ཞིག་ཡིན། འོན་ཀྱང་ནོར་འཁྲུལ་བྱུང་སྐབས་བཀའ་བཀྱོན་གནང་ཚེ་སེམས་ནང་དངངས་སྐྲག་དང་ཞེད་སྣང་ཅུང་ཟད་སྐྱེ་གིན་འདུག ཨ་མས་ང་ལ་སྤྱོད་པ་བཟང་པོ་དང་སློབ་སྦྱོང་ལ་བརྩོན་དགོས་པའི་བསླབ་བྱ་གནང་བ་དང་། སྐབས་རེར་ཕྱི་ལོགས་ནས་ཞལ་ལག་ཞིམ་པོ་དང་གྱོན་ཆས་གསར་པ་ཉོས་ནས་ང་ལ་གནང་གི་རེད། མདོར་ན། ང་རང་ཕ་མ་གཉིས་ལ་ཧ་ཅང་དགའ་པོ་ཡོད་ལ་ཁོང་རྣམ་གཉིས་ནི་ངའི་མི་ཚེའི་ནང་གི་མིག་དཔེ་བཟང་ཤོས་དེ་ཡིན། ང་ལ་བྱམས་སེམས་ཅན་གྱི་ཕ་མ་འདི་འདྲ་ཞིག་ཐོབ་པར་དཀོན་མཆོག་གསུམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་རྣམ་གཉིས་སྐུ་ཚེ་རིང་པོ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་ལམ་འདེབས་ཀྱི་ཡིན། ངས་ཕ་མའི་བཀའ་དྲིན་ནམ་ཡང་མི་བརྗེད་པར་མ་འོངས་པར་དྲིན་ལན་འཇལ་ཐུབ་པའི་རེ་བ་དང་དམ་བཅའ་བརྟན་པོ་ཡོད།
བོད་མིའི་ལྟ་བའི་མིག་དང་ཁོག་
བསྟན་འཛིན་དབྱངས་སྐྱིད། འཛིན་གྲྭ་གསུམ་པ།ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཨ་མདོ་སྐུ་འབུམ་སྟག་འཚེར་དུ་སྐུ་འཁྲུངས། ༸གོང་ས་མཆོག་གི་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞུ་ཞིང་ཆུང་དུས་ཀྱི་མཚན་ལ་ལྷ་མོ་དོན་གྲུབ་ཟེར། ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་དང་ཡུམ་གྱི་མཚན་ལ་བདེ་སྐྱིད་ཚེ་རིང་ཞུ་བ་དང། ཡབ་ཡུམ་གཉིས་ཀ་ཡ་རབས་བྱམས་བརྩེ་ཅན་གྱི་ཞིང་པ་ཞིག་ཡིན། ཁོང་ལ་གཅེན་གཅུང་དྲུག་ཡོད་པའི་ནང་ནས་ད་ལྟ་གཅུང་མོ་རྗེ་བཙུན་པདྨ་ལགས་སྐུ་འཚོ་བཞུགས་ཡོད། དགུང་ལོ་བཞི་ལ་ཕེབས་སྐབས་ཁོང་ཉིད་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ཏེ། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལར་གསེར་ཁྲིར་མངའ་གསོལ་ཞུས། དེ་ནས་བཟུང་ཁོང་གིས་དབུ་ཅན་དབུ་མེད་ཀྱི་འབྲི་ཀློག་ནས་བཟུང་། བརྡ་སྤྲོད་སུམ་རྟགས་དང་ནང་པའི་གཞུང་ཆེན་ཁག་ལ་ཐུགས་གཉེར་ཧུར་ཐག་གནང་། དགུང་ལོ་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་ཏེ། བོད་མིའི་བདེ་སྐྱིད་ཆེད་སྐུ་ལས་མང་པོ་བསྐྱོན། ཕྱི་ལོ་ ༡༩༥༩ ལོར་བོད་ནང་གནས་སྟངས་ཛ་དྲག་ཏུ་གྱུར་བས་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་། ཁོང་རྒྱ་གར་དུ་ཕེབས་རྗེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་གནང་ཆེད་དགོན་སྡེ་དང་སློབ་གྲྭ་མང་པོ་གསར་འཛུགས་གནང་། ཕྱི་ལོ་ ༡༩༦༠ ལོར་མ་སུ་རིར་སློབ་ཕྲུག་ལྔ་བཅུ་ཡོད་པའི་བོད་པའི་སློབ་གྲྭ་ཐོག་མ་དེ་གསར་འཛུགས་མཛད་དེ། བཙན་བྱོལ་བོད་མིའི་སློབ་གསོའི་རྨང་གཞི་བཏིང་གནང་བ་རེད། ༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོའི་ལམ་ལུགས་སུ་བསྒྱུར་གནང་བ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་གནང་། ཁོང་གིས་འཛམ་གླིང་ཡོངས་ལ་བྱམས་པ་དང་སྙིང་རྗེ། འཚེ་བ་མེད་པའི་བཀའ་སློབ་རྒྱུན་ཆད་མེད་པར་བསྩལ་བར་བརྟེན། ༡༩༨༩ ལོར་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། དེ་རྗེས་ཨ་རིའི་གསེར་གྱི་གཟེངས་རྟགས་སོགས་སྙན་གྲགས་ཅན་གྱི་བྱ་དགའ་མང་པོ་འབུལ་བཞེས་གནང་ཡོད། མདོར་ན། ༸གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཞིག་ཡིན། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་དང་རིག་གཞུང་བཟང་པོ་འདི་འདྲ་ཡོད་པ་རེད། ང་ཚོ་བོད་པའི་སློབ་མ་ཚོས་ཁོང་གི་བཀའ་སློབ་སེམས་ལ་བཅངས་ཏེ། བོད་ཡིག་ཡག་པོ་སྦྱོང་བ་དང་། གཞན་ལ་ཕན་ཐོགས་མཁན་གྱི་མི་ཡ་རབས་ཤིག་བྱེད་རྒྱུ་ནི་༸གོང་ས་མཆོག་དགྱེས་པའི་མཆོད་པ་ཡིན་པས། ང་ཚོས་ནམ་ཡང་བཀའ་གསུང་ཅི་སྒྲུབ་བྱེད་དགོས།
མཛེས་པའི་རྒྱ་སེ་མེ་ཏོག
བསྟན་འཛིན་ཚོགས་ནོར། འཛིན་གྲྭ་གསུམ་པ།ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། འཇིག་རྟེན་འདིའི་སྟེང་དུ་འཚོ་བ་རོལ་བཞིན་པའི་སྐྱེ་བོ་རེ་རེ་ལ། རང་རང་གི་སེམས་ཁོང་དུ་དགའ་ཞེན་ཆེ་བའི་དངོས་པོ་རེ་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་རེད། མི་ལ་ལ་ནི་རིན་པོ་ཆེའི་རྒྱན་ཆ་ལ་དགའ་ཞིང་། ལ་ལ་ནི་དེང་རབས་ཀྱི་འཕྲུལ་ཆས་ལ་དགའ། འོན་ཀྱང་། ང་རང་ལ་མཚོན་ན། འདམ་ལས་སྐྱེས་ཀྱང་དྲི་མས་མ་གོས་པའི་མཛེས་སྡུག་ཡིད་དུ་འོང་བའི་མེ་ཏོག་པདྨ་ནི་ཧ་ཅང་དགའ་པོ་བྱེད་སའི་དངོས་པོ་ཞིག་ཡིན། མེ་ཏོག་ནི་ས་གཞི་འདིའི་མཛེས་རྒྱན་ཡིན་པ་མ་ཟད། དེས་ང་ཚོའི་ཁོར་ཡུག་ལ་གསོན་ཤུགས་སྦྱིན་པ་དང་། མི་རྣམས་ཀྱི་སེམས་ལས་བྱུང་བའི་ངལ་དུབ་རྣམས་སངས་ཏེ་བདེ་སྐྱིད་དང་དགའ་སྤྲོའི་ཚོར་སྣང་གསར་པ་ཞིག་སྟེར་བར་བྱེད། ངས་ནམ་རྒྱུན་ཁོམ་ལོང་བྱུང་རིམ་བཞིན་རང་གི་ཁྱིམ་གྱི་ལྡུམ་རའི་ནང་དུ་མེ་ཏོག་གི་ས་བོན་འདྲ་མིན་འདེབས་འཛུགས་བྱེད་ཀྱི་ཡོད། དེ་དག་གི་ཁྲོད་ནས་མང་ཆེ་བ་ནི། མདོག་དང་དྲི་བསུང་གཉིས་ཀ་འཛོམས་པའི་མེ་ཏོག་གི་རྒྱལ་པོ་ལྟ་བུའི་རྒྱ་སེ་མེ་ཏོག་ཡིན། མེ་ཏོག་འདི་ལ་དམར་པོ་དང་། སེར་པོ། དཀར་པོ་ལ་སོགས་པའི་ཚོན་མདོག་སྣ་ཚོགས་ཡོད་པས། མི་རྣམས་ཀྱིས་དེ་ལ་མིག་གི་ལོངས་སྤྱོད་ཅེས་ཀྱང་བརྗོད་ཀྱི་ཡོད། མེ་ཏོག་བཞད་པའི་དུས་སུ་ལྡུམ་རའི་ནང་དུ་བསྐྱོད་ན། མཛེས་སྡུག་ལྡན་པའི་རྣམ་པ་དེས་སེམས་ཀྱི་སྡུག་བསྔལ་ཐམས་ཅད་རེ་ཞིག་བརྗེད་པར་བྱེད་ཅིང་། དགའ་སྤྲོའི་འཛུམ་མདངས་ཅིག་ཅར་དུ་འཕེལ་བར་བྱེད། ང་རང་ཆེན་པོ་ཆགས་དུས་ཀྱི་ཕུགས་བསམ་ནི། མེ་ཏོག་དེ་དག་དང་འབྲེལ་བའི་ལས་ཀ་ཞིག་གཉེར་རྒྱུ་དེ་ཡིན། ངས་རྒྱ་སེ་མེ་ཏོག་གི་ལྡུམ་ར་ཆེན་པོ་ཞིག་བསྐྲུན་ཏེ། མེ་ཏོག་ཚོང་གཉེར་བ་ཞིག་བྱ་རྒྱུའི་འདུན་པ་ཡོད། ལས་རིགས་འདི་ནི་དཔལ་འབྱོར་གྱི་ཡོང་འབབ་ལ་བརྟེན་ནས་རང་གི་འཚོ་བ་ལ་ཕན་ཐོགས་པ་ཙམ་མ་ཡིན་པར། དོན་དངོས་ཐོག་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་དམིགས་བསལ་བ་ཞིག་ཀྱང་རེད། ལྷག་པར་དུ་རྒྱ་སེ་མེ་ཏོག་ཁ་ཤས་ནི། ཕྱི་ལོགས་སེར་པོ་དང་ནང་ལོགས་དཀར་པོ་ཡིན་པས་ལྟ་བས་མི་ངོམས་པའི་མཛེས་སྡུག་ལྡན་ལ། དེའི་ཞིམ་མངར་གྱི་དྲི་བསུང་གིས་མི་རྣམས་ཀྱི་ཡིད་དབང་དབང་མེད་དུ་འཕྲོག་པར་བྱེད་པ་ཡིན། མདོར་ན། མེ་ཏོག་ནི་ས་གཞི་ཆེན་པོའི་མཛེས་པའི་རྒྱན་ཅིག་དང་། ང་ཚོའི་སེམས་ལ་དགའ་སྐྱིད་སྤྲོད་པའི་གྲོགས་པོ་བཟང་པོ་ཞིག་རེད། ངས་ཀྱང་མེ་ཏོག་པདྨ་ལྟར་ཕྱི་ནང་གཉིས་ཀ་དྲི་མས་མ་གོས་པའི་སེམས་བཟང་པོ་ཞིག་འཆང་བཞིན། མ་འོངས་པར་རྒྱ་སེ་མེ་ཏོག་གི་དྲི་བསུང་དང་མཛེས་པའི་དཔལ་ལ་བརྟེན་ནས། འཇིག་རྟེན་འདི་བས་ཀྱང་མཛེས་སྡུག་ལྡན་པ་ཞིག་བཟོ་རྒྱུའི་རེ་བ་བཅངས་ཡོད། མེ་ཏོག་ལ་བཅངས་པའི་བརྩེ་བ་འདིས། ངའི་མི་ཚེའི་ལམ་བུ་ཡང་མེ་ཏོག་གི་ལྡུམ་ར་ཞིག་དང་མཚུངས་པར་དགའ་བས་ཁེངས་ཤིང་སྙིང་རྗེ་མོ་ཞིག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད།
