ཡེ་ཤེས།      ཁྱེད་རང་འདིར་ག་རེ་བྱེད་ཀྱི་ཡོད།
དབང་མོ།    ང་ལྡི་ལིར་སློབ་སྦྱོང་བྱེད་ཀྱི་ཡོད།
ཡེ་ཤེས།      ད་ལྟ་ག་པར་སྡོད་ཀྱི་ཡོད།
དབང་མོ།    ང་བསམ་གཡས་གླིང་དུ་ཁང་པ་གླས་ནས་བསྡད་ཡོད།
ཡེ་ཤེས།      ཁྱེད་རང་གཅིག་པུ་ཡིན་ནམ།
དབང་མོ།    ང་གཅིག་པུ་ཡིན།
ཡེ་ཤེས།      ཁྱེད་རང་སྤུན་མཆེད་ཀྱི་ནང་ལ་སྡོད་ཀྱི་མེད་དམ།
དབང་མོ།    ང་སྤུན་མཆེད་ཀྱི་ནང་སྡོད་ཀྱི་མེད།
ཡེ་ཤེས།      ཁྱེད་རང་སྤུན་མཆེད་ནང་སྡོད་དགོས་རེད་པ།
དབང་མོ།    ཁོང་ཚོ་སྡོད་སའི་ཁང་པ་དེ་ཆུང་ཆུང་དང་ཧ་ཅང་གུ་དོག་པོ་ཙམ་མ་ཟད། ནང་མི་མང་པོ་འདུག བྱས་ཙང་ང་སྤོས་ནས་ཟླ་བ་གཅིག་ཕྱིན་སོང་།
ཡེ་ཤེས།      ཨ་ལས། ཁྱེད་རང་སྡོད་སའི་ཁང་པ་དེ་གང་འདྲ་ཡོད་དམ།།
དབང་མོ།    ཁང་མིག་ཆེ་བ་གཅིག་དང་ཐབ་ཚང་ཆུང་ཆུང་མཉམ་སྦྱར་ཡོད་པ་གང་ཞིག་ལ། ཁྲུས་ཁང་གསང་སྤྱོད་གཞན་དང་་མཉམ་སྤྱོད་བྱེད་དགོས་ཀྱི་འདུག
ཡེ་ཤེས།      བྱས་ན། ཁང་གླ་མཐོ་པོ་སྤྲོད་ཀྱི་ཡོད་ཤག་རེད།
དབང་མོ།    ཁང་གླ་མཐོ་བའི་ཁར་ད་དུང་ཆུ་རིན་དང་གློག་རིན་ཡང་སྤྲོད་དགོས་ཀྱི་འདུག འོན་ཀྱང་ཁང་བདག་ཡག་པོ་འདུག
ཡེ་ཤེས།      རྒྱལ་ས་ལ་བསྡད་ན་འགྲོ་གྲོན་ཆེན་པོ་རེད།
དབང་མོ།    དངུལ་བསྲི་ཚགས་བྱེད་ཐུབ་རྒྱུ་ཁག་པོ་རེད། ད་དུང་ཟ་འཐུང་དང་གོས་ལོག ཡར་མར་གྱི་འཁོར་གླ་བཅས་ལ་འགྲོ་གྲོན་མང་པོ་གཏོང་དགོས་ཀྱི་འདུག
ཡེ་ཤེས།      ཁག་མེད། རྒྱལ་སར་ལས་ཀ་མེད་པར་ཡུན་རིང་ལྷག་ན་དངུལ་རྫོགས་རྒྱུ་ཉག་ཅིག་རེད།
དབང་མོ།   དངོས་གནས་དངུལ་གྱི་དཀའ་ངལ་འཕྲད་པའི་ཉེན་ཁ་འདུག ལས་ཀ་ཚར་ན་བཅག་སེ་ཐོན་གྱི་ཡིན།