མཚོ་མོ་ཤར་པ། འཛིན་གྲྭ་བཅུ་གཉིས།
རྡོར་གླིང་སཾ་བྷོ་ཊ་གཏན་སློབ།

ཁ་བ་གངས་ཅན་ལྗོངས་ནས།། འཇའ་ཚོན་སྣ་ལྔ་ཤར་བྱུང།།

འཇའ་ཚོན་སྣ་ལྔའི་དབུས་ནས།། རྩ་བའི་བླ་མ་མཇལ་བྱུང།།

ལྷག་བསམ་དུང་ལས་དཀར་ཞིང།། སྙིང་རྗེའི་རང་གཟུགས་ལྡན་པ།།

འགྲོ་བ་ཡོངས་ཀྱི་མགོན་སྐྱབས།། ༸གོང་ས་མཆོག་ལ་འདུད་དོ།།

འཇམ་མགོན་མི་ཡི་རྣམ་སྤྲུལ།། སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས།།

འཕགས་མཆོག་ཕྱག་ན་པདྨོ།། སྐུ་ཚེ་བསྐལ་བརྒྱར་བཞུགས་རོགས།།

ཁྱེད་ཀྱི་བྱམས་དང་བརྩེ་བ།། མ་ཡིས་བུ་ལ་བརྩེ་བཞིན།།

ང་ཚོ་བོད་ཕྲུག་རྣམས་ལ།། རྟག་ཏུ་བྱམས་སྐྱོང་གནང་ཡོད།།

ཁྱེད་ཀྱི་མཛད་པ་ནམ་མཁའི་དབྱིངས་སུ་གྲགས།། གསུང་སྙན་བདུད་རྩིའི་བྱིན་རླབས་ཡོངས་སུ་ཁྱབ།།

སྐུ་གསུང་ཐུགས་ཀྱི་འཕྲིན་ལས་ཟབ་མོ་ཡིས།། འགྲོ་བ་ཡོངས་ཀྱི་སྡུག་བསྔལ་སེལ་བར་མཛད།།

གཞན་ཕན་ལྷག་བསམ་དཀར་པོས།། འགྲོ་བའི་སྡུག་བསྔལ་སེལ་ཆེད།།

འཛམ་གླིང་གང་སར་ཕེབས་ནས།། བཀའ་སློབ་ལམ་སྟོན་གནང་ཡོད།།

བོད་མི་ཡོངས་ཀྱི་ལྷ་སྐལ།། འགྲོ་བ་ཀུན་གྱི་མགོན་སྐྱབས།།

འཕགས་མཆོག་ཕྱག་ན་པདྨོ།། སྐུ་ཚེ་ཁྲི་ལོར་བརྟན་ཤོག །

སྐྱབས་མགོན་ཁྱེད་ཀྱི་དགོངས་པ།། ཐུགས་སྐྱེད་དམ་བཅའ་བཞི་སོགས།།

ང་ཚོ་བོད་འབངས་ཡོངས་ནས།། བཀའ་གསུང་སྤྱི་སྒྲུབ་ཞུས་ཆོག །

ང་ཚོ་གཞོན་སྐྱེས་རྣམས་ལ།། རང་གི་ཆོས་དང་རིག་གཞུང།།

བསླབ་པ་སློབ་གཉེར་ཐོབ་པ།། ཁྱེད་ཀྱི་བཀའ་དྲིན་ལོས་ཡིན།།