དབང་ཆེན་མཚོ་མོ། འཛིན་གྲྭ་བཅུ་གཉིས།
རྡོར་གླིང་སཾ་བྷོ་ཊ་གཏན་སློབ།

འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཀྱིས།། སྙིང་རྗེའི་རང་གཟུགས་ལྷ་མོ་དོན་གྲུབ་མཆོག །

ཨ་མདོ་སྟག་འཚེར་ཞེས་པའི་ཡུལ་ཕྱོགས་སུ།། བསམ་བཞིན་འགྲོ་བའི་དོན་དུ་འཁྲུངས་པར་མཚར།།

ཡོངས་འཛིན་དམ་པ་མང་པོའི་དྲུང་ནས་ནི།། བཀའ་པོད་ལྔ་སོགས་གཞུང་ལུགས་མ་ལུས་གསན།།

ཐོས་བསམ་སྒོམ་པའི་ཤེས་རབ་བསྐྱེད་ནས་ནི།། འཇིག་རྟེན་འདི་རུ་ཐམས་ཅད་མཁྱེན་པར་གྲགས།།

༸སྐུ་ཡི་རྣམ་པ་ཕྱག་གཉིས་ཐལ་མོ་སྦྱར།། ཞལ་རས་བཅོ་ལྔའི་ཟླ་བཞིན་འཛུམ་པ་དང།།

མཇལ་བ་ཙམ་གྱིས་དད་པའི་བ་སྤུ་རྒྱས།། མགོན་པོ་ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག །

གསུང་ནི་ནམ་མཁར་འབྲུག་སྒྲ་གྲགས་པ་བཞིན།། འཚེ་བ་མེད་པའི་ཞི་བའི་ལམ་དག་དང།།

བྱམས་དང་སྙིང་རྗེ་བཟོོད་པ་ལ་སོགས་པའི།། འགྲོ་དོན་ཁོ་ནར་དགོངས་པ་ཨེ་མ་མཚར།།

ཐུགས་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ།། བདེ་བ་ཁོ་ན་གཏན་དུ་ཐོབ་འདོད་ལས།།

སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བའི།། བཀའ་སློབ་ལམ་སྟོན་གནང་བར་བཀའ་དྲིན་ཆེ།།

ཁྱེད་ཀྱི་འཚེ་མེད་ཞི་བའི་ལམ་བཟང་དང།། དབུ་མའི་ལམ་གྱི་ལྟ་གྲུབ་བརྟན་པོ་ལ།།

རྒྱ་ཡི་དཔུང་ཚོགས་སྙིང་རྩ་འདར་དགོས་པའི།། ལམ་བཟང་དེ་ལ་རྗེས་སུ་ཡི་རངས་ཞུ།།

རང་ཡུལ་བཞག་ནས་མི་ཡུལ་འགྲིམ་པའི་སྐབས།། གཞན་དང་འདྲ་མཉམ་བྱས་ནས་འགྲོ་ཐུབ་པའི།།

བློ་དང་ནུས་སྟོབས་ཇི་ལྟར་བྱུང་བ་འདི།། མགོན་པོ་ཁྱེད་ཀྱི་བཀའ་དྲིན་ཉག་ཅིག་ཡིན།།

གཞན་ལ་སྐྱབས་སུ་བཅོལ་ནས་གནས་དགོས་ཀྱང།། ཟས་གོས་གནས་མལ་ཤེས་ཡོན་གང་ཅིའི་ཐད།།

གཞན་ལས་ལྷག་པའི་མཐུན་རྐྱེན་བཟང་པོ་འདི།། ཁྱེད་ཀྱི་ཐུགས་རྗེས་བཀའ་དྲིན་མ་ཡིན་ནམ།།

མདོར་ན་བསྟན་དང་འགྲོ་བ་ཀུན་གྱི་སླད།། ཁྱེད་ཀྱི་སྐུ་ཚེ་ཡུན་དུ་བརྟན་པ་དང།།

ཐུགས་ཀྱི་བཞེད་དོན་མ་ལུས་ལྷུན་གྲུབ་ནས།། མྱུར་དུ་ཕོ་བྲང་དམར་པོར་མཇལ་བར་སྨོན།།