བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་དྲུག་པ།
མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།
དཔའ་རྒོད་མི་ཡིས་ཁེངས་པའི་གངས་ཅན་བོད། ས་ལ་མེ་ཏོག་མཛེས་པའི་གངས་ཅན་བོད།
མཐའ་ལ་གངས་རིས་བསྐོར་ཞིང་ཡུལ་ལྗོངས་མཛེས། ཤང་ཤང་ཆུ་མོ་དྭངས་བའི་ཕ་ཡུལ་བོད།
འོན་ཀྱང་ཕྱི་ལོ་ངན་པའི་ང་དགུའི་ལོར། བོད་ལ་རྒྱ་མིས་བཙན་གནོན་དྲག་པོ་བྱས།
བཀའ་དྲིན་བླ་ན་མེད་པའི་༸སྐྱབས་མགོན་མཆོག། བོད་མི་ཁྲི་ཕྲག་རྒལ་བའི་སྤུན་ཟླ་མཉམ།
དགའ་ཉེ་ཕ་མ་གྱར་ཏེ་བཙན་བྱོལ་དུ། ཐུགས་སྐྱོའི་མིག་ཆུས་བརླན་ཏེ་རྒྱ་གར་དུ།
རི་ལུང་མང་པོ་བརྒལ་ཏེ་བྲོས་བྱོལ་བྱས། ཐུགས་རྗེའི་ཟིལ་པ་ནམ་ཡང་མི་ཟུམ་པར།
ཆོས་དང་རིག་གཞུང་བདེན་དོན་སླར་གསོའི་ཆེད། སྐུ་ངལ་འཛེམ་ཟོན་མེད་པར་རྒྱ་གར་དུ།
སློབ་གྲྭ་མགོན་སྡེ་གཞིས་ཆགས་ལ་སོགས་པ། དེང་རབས་བོད་ཕྲུག་ང་ཚོའི་ཆེད་དུ་བཙུགས།
ངའི་ཕ་ཡུལ་བོད་ནི་རྒྱལ་ཁབ་གཞན་དང་མི་འདྲ་བའི་གླིང་ཆེན་ཨེ་ཤི་ཡའི་ས་ཁུལ་མང་པོའི་ཆུའི་འབྱུང་ཁུངས་དང་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་མ་རྩིས་པའི་འཛམ་བུ་གླིང་གི་སྣེ་གསུམ་པ་དེ་ཡིན། དྭངས་གཙང་ཆུ་མོ་ཤང་ཤང་དུ་རྒྱུག་སའི་ལྷ་ཡུལ་གྱི་ཞིང་ཁམས་དེ་ནི་ཡུལ་མི་མང་པོའི་སྐོམ་པ་སེལ་མཁན་ངའི་ཕ་ཡུལ་བོད་གངས་ཅན་ལྗོངས་དེ་ཡིན། དེ་ནི་ཁ་རླུང་དང་གནམ་ཟླ་ས་གཞི་ཁོར་ཡུག་སོགས་གཙང་བས་དུས་རྒྱུན་དུ་ཆུ་ལོག་དང་ས་ཡོམ་ལ་སོགས་པའི་རང་བྱུང་ཁམས་ཀྱི་གོད་ཆགས་ཉུང་བ་དང་། ཕྱི་ལོ་ང་དགུ་ལོར་རྒྱ་མིས་བཙན་གནོན་དང་དབང་གྱུར་དྲག་པོའི་འོག་བོད་མི་རང་གི་ནང་མི་རྣམས་ལས་སོ་སོའི་རྒྱལ་ཁབ་གལ་ཆེ་བ་རྩིས་ཏེ་རང་ལུས་བློས་གཏོང་གནང་མཁན་ཁྲི་ཁྲག་མང་པོ་བྱུང་བ་དང་། གནམ་གྲུ་དང་གྲུ་གཟིངས། རླངས་འཁོར་སོགས་མེད་པའི་དུས་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་བྲོས་དགོས་བྱུང། ཕྱི་ནང་གི་རིག་གནས་ལ་མཁས་པའི་སྐྱེས་བུ་དམ་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ཁོང་མེད་ན་ད་ཆ་ང་ཚོ་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭར་ཞི་ཅི་ཕིང་གི་བཀའ་དང་ལམ་སྟོན་ངན་པའི་འོག ཁ་ནས་དོན་པའི་ཚིག་ཀྱང་རྒྱ་སྐད་སྤྱོད་ཅིང་སློབ་སྦྱོང་བྱེད་བཞིན་པ་དང་ནང་གི་ཐབ་ཚང་གི་བང་ཁྲིའི་བརྒྱབ་ཏུ་སྦེད་པའི་༸གོང་ས་མཆོག་གི་སྐུ་པར་དེ་རྒྱ་དམག་གིས་ག་དུས་མཐོང་ངམ་དྲན་པའི་སེམས་ཁྲལ་གྱིས་ཁེངས་བཞིན་ཡོད་ངེས། ཕྱིས་སུ་རྒྱ་གར་གྱི་སྲིད་འཛིན་ནེ་རུ་མཆོག་གི་རྒྱབ་སྐྱོར་དང་༸གོང་ས་མཆོག་ཁོང་གིས་བཀའ་དྲིན་ལ་བརྟེན་ནས་ས་ཁུལ་གང་སར་བོད་པའི་སློབ་གྲྭ་དང་གཞིས་ཆགས་བཙུགས་པ་དང་། ད་ལྟ་ང་ཚོ་སྐྱིད་པའི་ཁོར་ཡུག་འདིའི་ནང་འཚོ་སྡོད་བྱེད་པ་དང་སློབ་སྦྱོང་གི་སྐལ་པ་བཟང་པོ་དེ་འདྲ་ཞིག་ཐོབ་པས་གུས་མོས་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ། ཁོང་གིས་འུ་ཐུག་ཐབས་ཟད་ཀྱིས་རྒྱ་གར་དུ་སྐུ་ངལ་ཁྱད་དུ་བསད་དེ་མ་འོངས་བོད་ཀྱི་སོན་རྩ་ང་ཚོའི་ཆེད་དུ་བོད་ཀྱི་ཆོས་དང་རིག་གཞུང་བསྟན་པ་རྒྱུན་འཛིན་བྱ་རྒྱུའི་ཆེད་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་ཀ་མེད་དུ་འགྱུར་བ་ཡིན་ཙང་། ཁོང་གི་རླབས་ཆེན་གྱི་དགོངས་གཞི་དེར་བརྟེན་བོད་ཕྲུག་མང་པོའི་ཕུགས་འདུན་འགྱུར་བ་ཐེབས།
ཁྱེད་ཚོས་བསམ་ན་ང་ཚོ་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ནམ་ཞིག་བོད་ཀྱི་དཀའ་ངལ་སེལ་ཐབས་དང་བོད་རང་བཙན་མགྱོགས་མྱུར་ལེན་ཐུབ་ཀྱི་རེད་བསམ་གྱི་འདུག་གམ། གལ་ཏེ་སོ་སོའི་རྒྱལ་ཁབ་དང་ཕ་ཡུལ་ལ་བརྩེ་དུང་དང་ཞེན་ཆགས་ཡོད་ན་དུས་རྒྱུན་དུ་ར་མ་ལུག་གི་སྐད་མིན་པར་ང་རང་ཚོའི་མི་རིགས་ཀྱི་ཤ་ཁྲག་གཅིག་པ་ཐོན་མི་སམ་བྷོ་ཊས་གསར་དུ་མཛད་པའི་བོད་སྐད་གཙང་མ་དང་བོད་གཞུང་ལ་སྲི་ཞུ་ཕུ་དུད་བྱེད་ངེས། ཁྱེད་ཚོས་ད་ལྟ་ང་ཚོའི་ཕ་ཡུལ་བོད་ནང་འཁྲུག་ཟིང་དང་ཡིད་སྐྱོ་བའི་གནས་ཚུལ་འཕྲད་དང་འཕྲད་བཞིན་པ་རྣམས་ཁྱེད་ཀྱིས་ཤེས་སམ། དམར་པོའི་རིའི་སྟེང་གི་གཟི་བརྗིད་ཆེ་བའི་རྒྱལ་དབང་རིམ་བྱོན་བཞུགས་སའི་ཕོ་བྲང་པོ་ཏ་ལའི་ཕྱོགས་གང་སར་ལྟ་སྲུང་པར་ཆས་བཙུགས་པ་དང་ཡུལ་སྐོར་སྤྲོ་འཆམ་པའི་སྐོར་འཁྱམ་བྱེད་སའི་ས་གནས་ཤིག་ཏུ་འགྱུར་ཟིན་པ་དོ་སྣང་བྱུང་ངམ། བོད་དུ་འདོད་རྔམ་གྱིས་ད་ལྟ་བར་དུ་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་ཀྱི་ལས་གཞི་ག་ཚོད་སྤེལ་བ་ཤེས་སམ། ས་ཁུལ་གང་སར་རྒྱ་དམར་གྱིས་ཆུ་མཛོད་ཆེན་མོ་རྒྱབ་པ་མཐོང་མྱོང་ངམ། ལོ་སྔོན་མ་བོད་དུ་རྒྱ་མིས་དེང་དུས་ཀྱི་འཕྲུལ་འཁོར་མང་པོ་བཙུགས་པའི་རྐྱེན་གྱིས་ས་ཡོམ་བརྒྱབ་པ་དང་བོད་མི་དང་རི་དྭགས་སེམས་ཅན་ག་ཚོད་ཚེ་སྲོག་ཤོར་བ་ཚོར་རམ། ས་ཡ་མང་པོ་གྲོངས་ཡོད་ངེས། ང་ཚོས་དཔའ་བོ་དཔའ་མོ་ཁོང་ཚོའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་དགོས།
མཐར་ང་ཚོའི་ཕ་ཡུལ་བོད་སྔར་བཞིན་འབབ་ཆུ་དང་དྭངས་ཞིང་གཙང་བའི་རྒྱུག་ཆུ་ཁ་བས་གཡོག་པའི་མིག་ལ་མཛེས་པའི་གངས་རིའི་ཡུལ་ལྗོངས་དང་སྔར་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་ནང་དུད་ཚང་རེ་རེའི་ནང་མི་དང་བཅས་པ་བོད་མི་ཆ་ཚང་དགའ་དགའ་སྤྲོ་སྤྲོའི་ངང་གནས་པའི་དུས་ཤིག་ཤར་ཡོང་བསམ་པའི་རེ་བ་དང་བཅས། ངས་དེ་རིང་གི་རྩོམ་དེ་མཇུག་བསྡུས་པ་ཡིན།

ད་བར་དཔྱད་མཆན་མེད།