བསྟན་འཛིན་བདེ་ཆེན། འཛིན་གྲྭ་དྲུག་པ།
བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ།
ངའི་ཕ་ཡུལ་ནི་བོད་ཡིན། ད་ཆ་ང་ཚོའི་ཕ་ཡུལ་བོད་ནི་རྒྱ་དམར་གཞུང་གི་བཙན་དབང་འོག་ཏུ་མྱངས་ནས་བསྡད་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་བ་ནས་བཟུང་། ད་ལོ་ཕྱི་ལོ་ ༢༠༢༦ བར་བོད་ས་ཤོར་ནས་མི་ལོ་ ༦༧ འཁོར་གྱི་ཡོད། ད་ལྟ་བོད་ནང་ཡོད་པའི་བོད་མི་ཚོར་རང་དབང་གང་ཡང་མེད། རྒྱ་གཞུང་གིས་བོད་ཀྱི་གཏེར་སྔོག་འདོན་བྱེད་པ་དང་། དགོན་སྡེ་གཏོར་བཤིག་བཏང་བ། བོད་པའི་བྱིས་པ་ཚོར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དུ་མི་འཇུག་པ་སོགས་བྱེད་བཞིན་ཡོད། དེ་བཞིན་༸གོང་ས་མཆོག་གི་སྐུ་པར་མཇལ་ཁ་ཞུ་མི་ཆོག་པ་དང་། རྒྱ་མིའི་དར་ཆ་དང་རྒྱ་མིའི་དཔོན་པོའི་པར་མ་གཏོགས་བསྟན་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད། མ་འོངས་པའི་བོད་ཀྱི་ཆེད་དུ་བོད་མི་ས་ཡ་དྲུག་གིས་ག་དུས་ཡིན་ཡང་གཅིག་ཕན་གཅིག་གྲོགས་བྱེད་དགོས། ངའི་རེ་འདུན་ལ། མ་འོངས་པའི་བོད་དེ་རྒྱ་མིའི་བཙན་དབང་འོག་ཏུ་མེད་པར། རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཏུ་གྱུར་ནས་ཕོ་བྲང་པོ་ཏཱ་ལའི་རྩེ་མོར་རྒྱ་མིའི་དར་ཆའི་ཚབ་ཏུ་བོད་ཀྱི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་ཞིག་འབྱུང་བར་སྨོན་ལམ་འདེབས་བཞིན་ཡོད།
༡། མ་འོངས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་།
ངའི་བསམ་པར་མ་འོངས་པའི་བོད་ནང་གི་སློབ་གྲྭ་ཁག་ཏུ་རྒྱ་སྐད་དང་རྒྱའི་རིག་གཞུང་བཙན་གྱིས་སློབ་པ་མ་ཡིན་པར། དེའི་ཚབ་ཏུ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་བྱེད་དགོས། དེ་ལྟར་མ་བྱས་ན་ང་ཚོའི་ཕ་ཡུལ་གྱི་སྐད་དང་རིག་གཞུང་བརླག་པའི་ཉེན་ཁ་ཡོད། གལ་སྲིད་མ་འོངས་པའི་བོད་ཕྲུག་ཚོར་བོད་སྐད་སློབ་མཁན་མེད་ན་དེ་ནི་མི་རབས་རྒན་པ་ཚོའི་ནོར་འཁྲུལ་ཡིན། གང་ལགས་ཞེ་ན། ང་ཚོས་བོད་སྐད་མ་སྦྱངས་པར་ལུང་པ་གཞན་གྱི་སྐད་ཡིག་ཁོ་ན་སྦྱངས་ན། མ་འོངས་པའི་བོད་ཀྱི་སོན་རྩ་ཚོར་བོད་ཡིག་སུས་སློབ་བམ། དེར་བརྟེན་ང་ཚོས་ད་ལྟ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་བྱེད་དགོས།
༢། མ་འོངས་བོད་ཀྱི་ཆོས་ལུགས།
མ་འོངས་པའི་བོད་ནང་ཆོས་ལུགས་སོ་སོའི་བར་འཁྲུག་འཛིང་མེད་པར། ནང་པ་དང་། ཁ་ཆེ། ཡི་ཤུ། ཧིན་དུ་སོགས་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་དགོས། བོད་ནི་རང་དབང་དང་། ཆོས་དང་རིག་གཞུང་གང་གི་ཐད་ནས་ཀྱང་རྒྱལ་ཁབ་གཞན་གྱིས་བསྔགས་བརྗོད་བྱེད་ས་ཞིག་ཏུ་འགྱུར་དགོས།
༣། མ་འོངས་པའི་བོད་ཀྱི་ཁོར་ཡུག
བོད་ལ་འཛམ་གླིང་གི་སྣེ་གསུམ་པ་ཟེར། བོད་དུ་གངས་རི་དང་འཁྱག་རོམ་མང་ཤོས་ཡོད་ཀྱང་། ཁོར་ཡུག་འབག་བཙོག་གི་རྐྱེན་པས་ཚ་དྲོད་ཆེ་རུ་སོང་སྟེ་ཆུ་ལོག་དང་ས་ཡོམ་དཀའ་ངལ་འཕྲད་བཞིན་ཡོད། བོད་ནི་འཛམ་གླིང་གི་ས་མཐོ་ཤོས་དང་ཆུའི་འབྱུང་ཁུངས་ཆེ་ཤོས་ཤིག་ཡིན་པས། བོད་ཀྱི་ཁོར་ཡུག་གཙང་མ་ཉར་དགོས། མ་འོངས་པར་ང་ཚོའི་བོད་ཀྱི་ས་ཆ་འདི་འཛམ་གླིང་ནང་གི་ས་ཆ་གཙང་ཤོས་ཤིག་ཏུ་བསྐྲུན་དགོས་པ་དང་། རླུང་དང་། ཆུ། སྒྲ། ས་བཅས་ཀྱི་འབག་བཙོག་མེད་པ་བཟོ་དགོས།
མདོར་ན། མ་འོངས་པའི་བོད་དེ་རང་དབང་ཅན་གྱི་རྒྱལ་ཁབ་ཅིག་ཆགས་པ་མ་ཟད། བོད་མི་ཚོར་རང་དབང་གི་སྒོ་ནས་རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་བྱུང་ན། དེ་ནི་མུན་ནག་གི་དཀྱིལ་ནས་ཉི་མ་ཤར་བ་ལྟར་གཟི་བརྗིད་ཆེན་པོ་ཡིན། བོད་རྒྱལ་ལོ།

ད་བར་དཔྱད་མཆན་མེད།