བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་བདུན་པ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
འཁྲུག་ཆ་དོད་པའི་༸སྐུ་ཡི་གོ་སྟོན་ཉིན།།
མི་དམངས་རྣམས་ཀྱི་ཞལ་ལ་འཛུམ་མདངས་མངོན།།
ལག་ཟུང་ཐལ་མོ་སྦྱར་ཏེ་དད་གུས་ཞུས།།
བྱམས་བརྩེ་ལྡན་པའི་སྤྱན་རས་ང་ཚོར་གཟིགས།།
ནམ་མཁའི་དབྱིངས་སུ་སྤྲིན་ནག་དུམ་བུ་འཁྲིགས།།
གྲང་ངར་ཆེ་ཞིང་དྲག་ཆར་འབབ་འགོ་བཙུགས།།
ཐུགས་བརྩེ་གཟིགས་པ་ནམ་ཡང་མི་ཟུམ་པར།།
སྐྱེ་འགྲོ་ཀུན་ལ་ཕན་པའི་བཀའ་སློབ་གསུངས།།
དེ་རིང་རྟེན་འབྲེལ་བཟང་བའི་ཉིན་མོ་འདིར།།
ཁྱེད་ཀྱི་ཆེད་དུ་གསོལ་བ་སྨོན་ལམ་བཏབ།།
དགའ་བའི་གླུ་གར་ཁྱེད་ལ་མཆོད་པ་ཕུལ།།
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།
ཁྱེད་ཚོས་སང་ཉིན་གི་ཉིན་མོ་དེ་གང་ཡིན་ཤེས་སམ། སང་ཉིན་ནི་༸གོང་ས་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་ཉིན་མོ་རེད། དེ་རིང་དགོང་མོ་ངས་སྣང་བར་གང་དྲན་བྱས་ཏེ་ཉལ་ཁྲིའི་སྟེང་གི་དྲོ་སོབ་སོབ་ཀྱི་མལ་ཆས་ནང་ནམ་རྒྱུན་བཞིན་འགུལ་རིས་གློག་བརྙན་བལྟས་ཏེ་མི་བསྡད་པར། ཁོང་གི་ཞལ་རས་ཡིད་ལ་དྲན་བཞིན་བློ་རྩེ་གཅིག་སྒྲིམ་གྱིས་དཀོན་མཆོག་ལ་གསོལ་བ་སྨོན་ལམ་བཏབ་པ་ཡིན། བོད་རང་བཙན་མགྱོགས་མྱུར་ཐོབ་པའི་རེ་བ་དང་ཁོང་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པའི་སྨོན་འདུན་ཞུས་པ་ཡིན།
དེ་རིང་ནི་ཁྱེད་ཚོས་མཁྱེན་གསལ་ལྟར་ང་ཚོའི་རྩ་བའི་བླ་མ་༸གོང་ས་ཡིད་བཞིན་ནོར་བུ་མཆོག་དགུང་གྲངས་དགུ་བཅུ་ལ་ཕེབས་པའི་༸སྐུའི་གོ་སྟོན་ཉིན་མོ་རེད། ངས་དེ་རིང་སྔར་རྒྱུན་བཞིན་ཡར་ལངས་ཏེེ་དཔེ་མཛོད་ཁང་དུ་བསང་གསོལ་བཏང་བར་ཕྱིན་པ་ཡིན། བསང་གསོལ་གྱི་དུ་བས་ངའི་མིག་དང་སྣའི་བུ་ཁའི་ནང་འཛུལ་ནས་ཉིན་དེའི་སྐྱ་རེངས་གྱི་ཉི་མ་ཤར་བ་དང་དུས་མཚུངས་སུ། ཅུང་མི་བདེ་བ་བྱུང་ཡང་རྗེས་སུ་ཁྱིམ་གྱི་མཆོད་གཤོམ་སྟེང་དུ་༸གོང་ས་མཆོག་གི་སྐུ་པར་མཇལ་དུས་དངོས་གནས་སེམས་ནང་གི་ཉོན་མོངས་ཆ་ཚང་དོར་བ་བཞིན་སེམས་ལྷོད་ལྷོད་དང་གུ་ཡངས་པོར་གྱུར་སོང། ཞིམ་མངར་ལྡན་པའི་ཞོགས་ཟས་རྗེས་ང་དང་ངའི་ནང་མི་རྣམས་གཟབ་ཆོར་དང་རྒྱན་ཆ་སྣ་ཚོགས་ལེགས་པར་སྤྲས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་གཙུག་ལག་ཁང་དུ་གོ་སྟོན་སྲུང་བརྩི་ཞུ་བར་བསྐྱོད་པ་ཡིན། ཕ་གིར་འབྱོར་དུས་མི་དམངས་དང་ལས་བྱེད་སྐུ་མགྲོན་རྣམས་མདུན་གྱི་རྐུབ་བཀྱག་རེ་རེར་གྲོག་ཚང་བརྡོལ་བ་བཞིན་འཚང་ཁ་རྒྱག་བཞིན་འདུག།ཡང་མི་དམངས་ཁག་ཅིག་ནི་བོད་ཀྱི་ཟློས་གར་ཚོགས་པས་༸གོང་ས་མཆོག་ཆིབས་བསྒྱུར་གནང་བཞིན་པའི་རྔ་བརྡུང་གི་སྒྲ་དབྱངས་དང་སྙན་འཇེབས་ལྡན་པའི་གླིང་བུའི་སྒྲ་སོགས་ལ་ཡིད་དབང་འཕྲོག་བཞིན་ཐལ་མོ་འབྲུག་སྒྲ་ལྡིར་བ་ལྟར་རྡེབ་བཞིན་འདུག གཙུག་ལག་ཁང་གི་མདུན་ཐང་དུ་མཛེས་རྒྱན་སྤྲས་པའི་གནམ་འོག་གི་མི་རྣམས་༧གོང་ས་མཆོག་གི་ཆིབས་བསྒྱུར་ལ་ངོ་གདོང་ལྷད་མེད་ཀྱི་འཛུམ་མདངས་བཞད་ཅིང། ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་མིག་ཟུང་ལ་དད་པའི་མཆི་མས་བརླན་ཏེ་ཕེབས་བསུ་ཞུ་བཞིན་འདུག ང་ཡང་ཁོང་ཚོ་ལྟར་རྐུབ་བཀྱག་སྟེང་དུ་ལངས་ཏེ་༸གོང་ས་མཆོག་གི་ཞལ་རས་མཇལ་ཐབས་བྱས་ཀྱང་མདུན་གྱི་གཟུགས་སྟོབས་ཆེ་བའི་སྐུ་སྲུང་བ་གཉིས་ཀྱིས་མཐོང་ལམ་ཆ་ཚང་བཀག་འདུག་པས་ཞལ་མཇལ་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང།
དེ་རིང་གི་གནམ་གཤིས་ཧ་ཅང་ངོ་མཚར་ཆེ་བས་ནམ་རྒྱུན་དང་མི་འདྲ་བར་ཞོགས་པ་ཉི་མའི་འོད་ཟེར་སྤྲིན་པའི་དཀྱིལ་ནས་སྐྱ་ཐེངས་ངེར་ཤར་ཡང་ཉིན་རྒྱབ་བར་སྣང་ཆ་ཚང་ལ་སྤྲིན་ནག་འཁྲིགས་ཏེ་དྲག་ཆར་འབབ་འགོ་བཙུགས། ངོ་མཚར་ཆེ་བའི་གནམ་གཤིས་དེ་ལ་མི་མང་ཚང་མས་ཚོར་བ་འདྲེས་མའི་འཁང་ར་དང་ཡིད་སྨོན་བྱེད་བཞིན་འདུག།ཞུ་འདོད་བ་ཞིག་ལ་དེ་རིང་ང་དང་སློབ་ཕྲུག་ཁག་ཅིག་གིས་དཔེ་སྟོན་སློབ་གྲྭའི་ཚབ་ཞུས་ཏེ། མདོ་སྨད་རྩེད་རིགས། ཞེས་པའི་ཁྲབ་གཞས་ཤིག་གཟིགས་འབུལ་ཞུ་རྒྱུའི་སྐལ་བ་བཟང་པོ་ཞིག་ཐོབ་བྱུང། ཞབས་བྲོ་དེ་ང་ཚོས་ཕྱི་ཟླ་ ༥ པའི་ཟླ་མཇུག་ནས་སྦྱོང་བརྡར་བྱེད་འགོ་བཙུགས་ཤིང། ཉིན་ལྟར་གསོལ་ཚིགས་བར་གསེང་དང་འཛིན་གྲྭ་གྲོལ་བའི་རྗེས་ལག་རྩེད་སྤོ་ལོའི་ཐང་དུ་སྦྱོང་བརྡར་ལྷོད་མེདབྱས་པ་ཡིན་། སྐབས་དེ་དུས་ལེ་ལོའི་དྲ་རྒྱར་ཚུད་ཅིང། དོ་དབྱིངས་མེད་པའི་སློབ་ཕྲུག་ཁ་ཤས་ཀྱིས་ཨ་ཙི་ཉོབ་པ་ལ་ཨང་ཞེས། ཉོབ་སྣང་ཆེན་པོས་འཁང་ར་བྱེད་ཀྱི་འདུག་ཀྱང། ང་ཚོའི་སེམས་ནང་རེ་འདུན་དང་དགའ་སྣང་གིས་ཁེངས་ཏེ། སྤྲོ་སྣང་དང་དགའ་ཞེན་ཆེན་པོའི་ངང་སྦྱོང་བརྡར་ཧུར་ཐག་བྱས་པ་ཡིན། ཁྱེད་ཀྱིས་༸གོང་ས་མཆོག་དང་སྐུ་མགྲོན་མི་དམངས་རྣམས་ཀྱི་མདུན་དུ་འཁྲབ་སྟོན་བྱེད་རྒྱུའི་སྐལ་བཟང་གི་གོ་སྐབས་དེ་ཆུད་ཟོས་སུ་གཏོང་འདོད་དམ། ནམ་ཡང་གཏོང་མི་ཐུབ། འཁྲབ་སྟོན་བྱེད་པའི་སྐབས་ང་དང་སློབ་ཕྲུག་གཞན་རྣམས་ཀྱིས། ཚོན་མདངས་རྣམ་པར་བཀྲ་བའི་འཁྲབ་ཆས་ལུས་ལ་གྱོན་ཏེ། ངག་ནས་སྙན་པའི་གླུ་དབྱངས་ལེན་པ་དང་འཁྲུག་ཆ་དོད་པའི་གར་སྟབས་ལ་རོལ་པ་ཡིན། སྐབས་དེ་དུས་ངའི་དོ་སྣང་ལ་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་ངང་ལག་ཟུང་ཐལ་མོ་སྦྱར་ཏེ་འཚམས་འདྲི་ཞུ་བ་དང་ངོ་གདོང་ལ་བྱམས་བརྩེ་ལྡན་པའི་འཛུམ་མདངས་ཤིག་ཀྱང་བཞད་ཡོད་པ་མཇལ་བྱུང། མ་ཟད་ད་དུང་མི་དམངས་རྣམས་ཀྱིས་ཀྱང་དགའ་ཚོར་ཆེན་པོའི་ངང་ཐལ་མོ་འབྲུག་སྒྲ་ལྡིར་བ་ལྟར་བརྡབས་ཤིང་། ང་ཚོ་ན་ཆུང་སློབ་ཕྲུག་རྣམས་ལ་སེམས་ཤུགས་དང་སྤོབས་པ་སྦྱིན་བྱུང། གཞས་སྣ་ཁྲབ་སྟོན་གནང་མཁན་ང་ཚོ་སློབ་གྲྭ་ཁག་གི་སློབ་ཕྲུག་དང། བོད་རིགས་ཙམ་མིན་པར་འཛམ་གླིང་ཡུལ་གྲུ་ཁག།ཉི་ཧོང་། ཐའི་ཝན། ཧོངཀོང་། སོགས་ནས་ཕེབས་པའི་སྒྱུ་རྩལ་ཁྱད་ལས་པ་ཚོས་ཀྱང་གཞས་སྣ་འདྲ་མིན་འཁྲབ་སྟོན་ཞུས་སོང། མཐར་ཨ་རིའི་གྲགས་ཅན་གློག་བརྙན་ཁྲབ་སྟོན་པ་དང། ལོ་མང་བོད་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་རི་ཆཊ་གེར་གྱིས་བོད་མི་རྣམས་ལ་དུངས་པའི་འཛུམ་མདངས་དང་བཅས། གཙུག་ལག་ཁང་དུ་ཚང་འཛོམས་གནང་བའི་མི་དམངས་ལྷན་རྒྱས་ལ་གསུངས་བཤད་གནང་སོང། ཁོང་གིས་ཉི་མས་ཉེ་དགའ་ཕྱོགས་ཞེན་མེད་པར་འཛམ་གླིང་ཀུན་ལ་དྲོད་དང་འོད་སྦྱིན་པ་བཞིན་༸གོང་ས་མཆོག་ཀྱང་བོད་པའི་དབུ་ཁྲིད་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་ཅིག་རེད། ཅེས་གདེང་ཚོད་ཆེན་པོས་གསུངས་སོང།
༸སྐུའི་གོ་སྟོན་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་བྱམས་བརྩེ་ལྡན་པའི་སྤྱན་ཟུང་ང་ཚོར་གཟིགས་ཏེ་བཀའ་སློབ་འདི་འདྲ་ཞིག་གསུངས་གནང་བྱུང། ཕྱི་དངོས་པོ་ཡར་རྒྱས་འགྲོ་བཞིན་པའི་དུས་སྐབས་དེར་ང་ཚོས་བྱམས་བརྩེའི་བསམ་བློ་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཡིན། ངོས་ནས་ཀྱང་ཆོས་ལུགས་མཐུན་སྒྲིལ་དང་རྒྱ་གར་གྱི་གནའ་བོའི་རིག་གཞུང་གོང་འཕེལ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན། ཞེས་བཀའ་སྩལ་སོང། ཁོང་གིས་ད་དུང་དྲ་ཐོག་ནས་མ་འོངས་པའི་ངོས་ཀྱི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་དབང་ཆ་ཆ་ཚང་དགའ་ལྡན་ཕོ་བྲང་ལ་ཡོད་པ་ལས་རྒྱ་ནག་གཞུང་ལ་མེད་ཅེས་གསུངས་སོང། ཞོགས་པའི་གཞུང་འབྲེལ་མཛད་སྒོ་ཚར་རྗེས་ཁོང་དང་ཁོང་གི་སྐུ་འཁོར་རྣམས་མོ་ཊ་དཀར་པོ་ཆུང་ངུ་ཞིག་གི་ནང་ག་ལེར་གཟིམས་ཆུང་གི་ཕྱོགས་སུ་ཆིབས་ཁ་བསྒྱུར་སོང། དངོས་གནས་དེ་རིང་གི་ཉིན་མོ་ཧ་ཅང་སྐྱིད་པོ་བྱུང། ང་༸གོང་ས་མཆོག་གི་ཞལ་རས་ཐག་རིང་ནས་མཇལ་བ་ཙམ་གྱིས་ཁོང་གིས་ངའི་སེམས་ནང་རེ་བ་དང་སེམས་ཤུགས་འཕར་མ་ཞིག་སྦྱིན་སོང། འཇིག་རྟེན་ཀུན་གྱི་མགོན་སྐྱབས་བཀའ་དྲིན་མཚུངས་ཟླ་མེད་པ། ༸གོང་ས་མཆོག་ཁྱེད་ང་ཚོའི་བོད་མིའི་དབུ་ཁྲིད་དུ་ཕེབས་པ་བཀའ་དྲིན་བླ་མེད་དུ་ཆེ།
སྟོང་ཉིད་རྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག། །

ད་བར་དཔྱད་མཆན་མེད།