བསྟན་འཛིན་འཇམ་དབྱངས། འཛིན་གྲྭ་བཅུ་པ།
དྷ་སྟེང་བོད་ཁྱིམ་སློབ་གྲྭ།

མདོ་སྨད་སྟག་འཚེར་འཁྲུངས་པའི་སྐྱབས་མགོན་མཆོག ། ཆུང་དུས་མཚན་ལ་ལྷ་མོ་དོན་གྲུབ་གསོལ།

ཏཱ་ལའི་གོང་མའི་ཡང་སྲིད་ངོས་འཛིན་དུ། ། ལྷ་བླས་འཁྲུལ་མེད་ངོས་འཛིན་ཁ་གསལ་གནང་། །

རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་པའི་རྗེས། ། གངས་ཅན་མགོན་པོ་མཆོག་གི་ཐུགས་བརྩོན་ནི། །

 བོད་ཕྲུག་འདབ་གཤོག་གཉིས་ལྡན་ཡོང་ཐབས་ཆེད། ། བོད་ཕྲུག་རྣམས་ལ་བོད་སློབ་གསར་འཛུགས་གནང། །

བོད་མི་ཡོངས་ཀྱི་བློ་སེམས་ཁོང་ལ་བཅོལ། ། དྷ་རམ་ས་ལར་སྐུ་བཞུགས་འགྲོ་དོན་མཛད། །

ཕྱི་ལོ་ཆིག་སྟོང་དགུ་བརྒྱ་གྱ་དགུའི་ལོར། ། འཛམ་གླིང་ནོར་ཝེར་ཞི་བདེའི་གཟེངས་རྟགས་བཞེས། །

ང་ཚོ་བཙན་བྱོལ་ཡུལ་དུ་འབྱོར་བའི་རྗེས། ། སྐྱེས་འགྲོ་ཡོངས་རྫོགས་བདེ་བར་གནས་ཐབས་སུ། །

ཐུགས་ལས་འཁྲུངས་པའི་གཞན་ཕན་དམ་བཅའ་བཞི། ། སེམས་ཅན་ཡོངས་ལ་དགོངས་པའི་དམ་བཅའ་ཡིན། །

མི་ཞིག་ཡིན་པའི་ཆ་ནས་འགན་འཁུར་དེ། ། ཡ་རབས་བཟང་སྤྱོད་གོང་མཐོར་སྤེལ་བའི་ཐབས། །

སྤྱི་དང་སྒེར་པའི་ཁྱིམ་ཚང་གང་ལ་ཡང། ། བདེ་སྐྱིད་དགོས་པའི་གཞི་རྩར་དམིགས་ནས་གསུངས། །

ཏཱ་ལའི་བླ་མའི་མཚན་གནས་ཡོད་པ་དང། ། བོད་མི་ཀུན་གྱིས་བློ་གཏད་བཅོལ་བ་སོགས། །

སྐད་དང་རིག་གཞུང་ཁོར་ཡུག་སྲུང་སྤེལ་ཆེད། ། བོད་མིའི་མགྲིན་ཚབ་འགན་འཁུར་ང་ཡིན་གསུངས། །

རྒྱ་གར་བ་ཡི་གནའ་རབས་རིག་གཞུང་དང། ། ཆོས་ལུགས་མ་འབྲེལ་བཟང་སྤྱོད་སྤེལ་བ་དང། །

དེང་གི་རིག་གསར་ཤེས་ཡོན་ལམ་ལུགས་སོགས། ། མ་ཉམས་གོང་སྤེལ་ཡོང་ཐབས་རྒྱུན་འཛིན་མཛད། །

སོན་རྩ་བོད་ཕྲུག་ང་ཚོར་ཐུགས་རེ་ནི། ། བོད་ཀྱི་ཆོས་དང་རིག་གཞུང་དེ་དག་གི། །

སྙིང་བཅུད་བྱམས་དང་སྙིང་རྗེའི་བསླབ་བྱ་རྣམས། ། གླིང་འདིའི་སྐྱེ་འགྲོ་ཡོང་ལ་ཕན་ཕྱིར་བསླབས། །

བོད་ཕྲུག་ས་གནས་གང་དུ་གནས་ཀྱང་རུང། ། མགོན་པོའི་ཐུགས་རེའི་བསླབ་བྱ་ཡིད་ལ་བཅངས། །

བོད་དོན་བདེན་པའི་རང་དབང་འཐབ་རྩོད་ལ། ། བོད་ཕྲུག་ཀུན་གྱིས་འབད་བརྩོན་གནང་དང་གནང་། །

ཪབ་གནས་ཤིང་མོ་སྦྲུལ་ལོའི་ལོ་འགོ་ནས། ། མགོན་མཆོག་དགུ་བཅུར་ཕེབས་པའི་དུས་ཚིགས་སྐབས། །

བགྲང་བྱ་ཧྲིལ་པོ་དཀར་ཟས་གོ་སྟོན་ཞེས། ། སྐུ་ཚེ་ཡུན་གནས་བརྟན་ཕྱིར་ཀུན་གྱིས་བརྩོན། །