བསྟན་འཛིན་ཡིད་སྨོན། འཛིན་གྲྭ་དགུ་པ།
རྡོར་གླིང་སཾ་བྷོ་གཏན་སློབ།

བསིལ་ལྡན་ཁ་བའི་ལྗོངས་སུ་སྐུ་འཁྲུངས་དུས། ། སྐྱེད་མ་མཆོག་གི་ཡིད་ཀྱི་དག་སྣང་དང་།།

རྟགས་དང་རྟེན་འབྲེལ་སྣ་མང་ལྷན་དུ་འཁྲུངས། ། གངས་ཅན་ལྷ་མི་ཀུན་ལ་བདེ་སྐྱིད་སྟེར།།

བརྩེ་བའི་བཤེས་གཉེན་དུ་མའི་ཐུགས་རྗེའི་འོག ། ཆུང་ངུའི་དུས་ནས་ཤེས་བྱ་རིག་གནས་ཀུན།།

ལེ་ལོ་མེད་པར་བརྩོན་འགྲུས་ཆེན་པོ་ཡིས། ། ཐོགས་མེད་མཁྱེན་པའི་མཁས་པ་ཆེན་པོར་གྱུར།།

རྒྱ་དམར་ཀླ་ཀློས་བོད་ལ་བཙན་འཛུལ་བྱས། ། བོད་འབངས་དཀའ་སྡུག་དྲག་པོ་མནར་བའི་དུས།།

ཁྱོད་ཉིད་འཕགས་པའི་ཡུལ་དུ་བཙན་བྱོལ་ཕེབས། ། བྱམས་བརྩེའི་ཐབསཀྱིས་དཀའ་སྡུག་སེལ་བ་བྱས།

ཐོག་མར་བཙན་བྱོལ་ཡུལ་དུ་ཕེབས་པའི་སྐབས། ། རྨང་གཞི་བོད་སློབ་བཙུགས་རྒྱུའི་དགོངས་གཞི་དང་།།

དེ་རྗེས་དགོན་སྡེ་ཁག་དང་བཙན་བྱོལ་གཞུང། ། ད་ལྟ་ཡོད་པ་ཁོང་གི་བཀའ་དྲིན་ཡིན།།

འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཕེབས་ནས་ནི། ། ཆབ་སྲིད་པ་དང་མི་རིགས་འདྲ་མིན་ངོར།།

བྱམས་དང་བརྩེ་བའི་བཀའ་ཆོས་ཟབ་མོ་ཡིས། ། འཇིག་རྟེན་མུན་པ་སེལ་བའི་སྒྲོན་མེ་ཡིན།།

འཛམ་གླིང་མི་མང་ཞི་བདེའི་ལམ་དུ་ཁྲིད། ། ཆོས་ལུགས་ཐམས་ཅད་ཅད་མཐུན་པའི་ལམ་དུ་བཀོད།།

ནང་ཆོས་ཚན་རིག་གཅིག་འདུ་གནང་མཁན་ནི། ། སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོ་ན་ཡིན།།

མཁྱེན་བརྩེའི་འོད་ཀྱིས་གངས་ཅན་མུན་པ་སེལ། ། བསྟན་པའི་སྲོལ་འབྱེད་མཁས་པའི་གཙུག་གི་རྒྱན།།

ཁམས་གསུམ་ཞི་བདེའི་སྐྲུན་པོ་སྐྱབས་མགོན་ཁྱེད། ། མི་འཇིག་རྡོ་རྗེའི་ཁམས་སུ་རྟག་བརྟན་བཞུགས།

སྲིད་པའི་རྒྱ་མཚོ་ཆེན་པོའི་རྫིང་བུའི་ནང་། ། འཁོར་བའི་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས།།

འདྲེན་པའི་དེད་དཔོན་མཛད་ལ་གུས་པས་བསྟོད། ། མགོན་པོ་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ།།

བདག་གི་ལུས་ངག་ཡིད་གསུམ་བྱ་བ་ཀུན། ། ཁྱེད་ཀྱི་བཀའ་བཞིན་བསྒྲུབ་པར་དམ་བཅའ་འོ།།

འདི་ཕྱིའི་བདེ་སྐྱིད་ཐམས་ཅད་ཁྱེད་ལ་རག ། དགེ་ལེགས་ཀུན་འབྱུང་ཁྱེད་ལ་བདག་ཕྱག་འཚལ།།

དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། བསྟན་པའི་བདག་པོ་སྐྱབས་མགོན་ཐམས་ཅད་མཁྱེན།།

མཚུངས་མེད་བླ་མ་ཁྱེད་ལ་གསོལ་འདེབས་ནས། ། སྐྱེ་བ་ཀུན་ཏུ་ཁྱེད་ཀྱི་སློབ་མ་སྐྱོང་།།