ཁ་རམ་པདྨ་བདེ་སྐྱིད། འཛིན་གྲྭ་བརྒྱད་པ།
སྦེལ་ཀོབ་སཾ་བྷོ་ཊ་ཉིན་སློབ།

རེས་གཟའ་ཉི་མ། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༨ ཉལ་ཁང་ནང་། དགོང་དྲོའི་ཆུ་ཚོད་ ༨།༠༠

བརྩེ་བའི་ཉིན་ཐོ་ལགས། ནམ་རྒྱུན་ངས་ཁྱེད་ལ་ངའི་སྙིང་གཏམ་ཟེར་ན་འདྲ། གསང་བ་ཟེར་ན་འདྲ་ཚང་མ་ཁྱེད་ལ་བཤད་ཀྱི་ཡོད་པ་བཞིན་དེ་རིང་ཡང་སྐལ་བཟང་བཀྲ་ཤིས་པའི་གོ་སྟོན་གྱི་སྐབས་སུ་ང་རང་ལ་ཉམས་མྱོང་དང་ཚོར་བ་གང་བྱུང་བ་རྣམས་ཁྱེད་ལ་བཤད་རྒྱུ་ཡིན། འདི་ལོར་ང་ཚོའི་རྩ་བའི་བླ་མའི་འཁྲུངས་སྐར་དེ་ནམ་རྒྱུན་དང་མི་འདྲ་བར་གྲ་རྒྱས་པོ་ཞེ་དྲག་བཏང་ཡོད། ང་ཚོ་བསོད་ནམས་ཆེ་བས་ཁོང་དགུང་ལོ་དགུ་བཅུར་ཕེབས་སྟབས་བྱ་བ་ལམ་འགྲོ་ཡོང་བ་དང་བསོད་ནམས་གསོག་པའི་ཆེད་དུ་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཡིན།

ང་རང་ལ་མཚོན་ན། ཁོང་གི་འཁྲུངས་སྐར་མ་སླེབས་གོང་ནས་བརྔམས་སོང་ལ། རྩ་བའི་བླ་མའི་འཁྲུངས་སྐར་སྲུང་བརྩི་ཞུ་བར་རེ་སྒུག་བྱས་པ་ཡིན། སྦེལ་ཀོབ་གཞིས་ཆགས་ལྟ་བུའི་སློབ་གྲྭ་ལ་ཆ་བཞག་ན། ཉིན་གསུམ་རིང་༸སྐུའི་གོ་སྟོན་དང་སྟབས་བསྟུན་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞུས་པ་རེད། ཉིན་དང་པོ་ཟེར་ན་འདྲ། འཁྲུངས་སྐར་དངོས་གཞི་ཟེར་ན་འདྲ། སྐབས་དེར་སྦེལ་ཀོབ་གཞིས་ཆགས་ཀྱི་མི་མང་ཚང་མ་མཉམ་དུ་འཛོམས་ནས་ཕོ་བྲང་དུ་གཞས་སྣ་འཁྲབ་སྟོན་སོགས་གནང་ནས་འཁྲུངས་སྐར་སྲུང་བརྩི་ཞུས་པ་རེད། ཉིན་གཉིས་པ་དེ་ལ་བསྐྱར་དུ་ཕོ་བྲང་དུ་འཛོམས་ནས་གླིང་ག་ཆེན་པོ་ཞིག་བཏང་བ་རེད། ཉིན་གསུམ་པ་དེ་ལ་སློབ་གྲྭའི་ནང་དུ་འཁྲུངས་སྐར་སྲུང་བརྩི་ཞུས་པ་རེད། ཁོང་གི་འཁྲུངས་སྐར་གྱི་ཉིན་གསུམ་པ་དེ་ལ་གཞས་སྣ་འདྲ་མིན་སྣ་ཚོགས་འཁྲབ་ཡིན་ལ། སྐྱིད་པོ་ཡང་ཞེ་དྲག་བྱུང་སོང་། ནམ་རྒྱུན་དང་མི་འདྲ་བར་ཉིན་གསུམ་རིང་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པས། སྐྱིད་པའི་བྲོ་བ་མ་འདྲ་བ་ཞིག་སྐྱེས་བྱུང་།

༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ནི་ང་ཚོར་མཚོན་ན་བོད་མི་ཡོངས་ཀྱི་དབུ་འཁྲིད་ཡིན་པར་མ་ཟད་བཀའ་དྲིན་ཆེན་པོ་ཡིན་པས། གཞིས་ཆགས་ཁག་དང་། སློབ་གྲྭ་མང་པོ་ནས་གཙོ་བོ་གོ་སྟོན་གྱི་ཆེད་དུ་བྱེད་སྒོ་མང་པོ་སྤེལ་གྱི་ཡོད། ང་ཚོ་སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭའི་ནང་ལ་ཐོག་མར་༸གོང་ས་ཏཱ་ལའི་བླ་མའི་སྐྱེད་ཚལ་ཟེར་བའི་ལྡུམ་ར་ཞིག་གསར་བཟོ་ཞུས་པ་རེད། སྐྱེད་ཚལ་གསར་བཟོའི་ལས་གཞིའི་དེའི་ནང་ལ་སློབ་ཕྲུག་ཚང་མས་འཛུལ་ཞུགས་བྱས་པ་རེད། ང་རང་གི་ངོས་ནས་སྐྱེད་ཚལ་དེ་སྤུས་ཀ་ལེགས་པོ་དང་སྙིང་རྗེ་མོ་མཐོང་བའི་ཆེད་མེ་ཏོག་འདེབས་འཛུགས་བྱས་པ་ཡིན། སྐྱེད་ཚལ་དེ་སྐྲུན་པའི་སྐབས་ང་རང་གིས་གོ་སྟོན་གཅིག་པུའི་ཆེད་དུ་སྐྱེད་ཚལ་དེ་བཟོ་གི་མེད་པར་སློབ་གྲྭ་སྙིང་རྗེ་མོ་དང་བལྟས་ན་མིག་ལ་མཛེས་པོ། སེམས་ལ་ཞི་བདེ་རག་གི་རེད་བསམས་ནས་བསམ་བློ་དེ་འདྲ་ཞིག་འཁོར་ནས་མེ་ཏོག་འདེབས་འཛུག་བྱས་པ་ཡིན། སྐྱེད་ཚལ་དེ་བཟོས་ནས་འབྲས་བུ་ཡག་པོ་རག་བྱུང་བས་ང་རང་སེམས་པ་ཧ་ཅང་སྤྲོ་སོང་ལ། དཀའ་ལས་བརྒྱབ་ནས་འབྲས་བུ་བྱུང་བས་འདོད་པ་ཚིམས་སོང་།

བྱེད་སྒོ་གཉིས་པ་དེ་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཉིན་མོ་སྲུང་བརྩི་ཞུས་པ་རེད། སྐབས་དེ་དུས་ང་ཚོས་སློབ་གྲྭའི་ཚོགས་ཁང་ནང་དུ་བྱེད་སྒོ་སྤེལ་བ་རེད། དགེ་ལས་སློབ་ཕྲུག་ཡོངས་ནས་བོད་ཆས་གཙང་མ་གྱོན་ནས་བྱེད་སྒོ་དེ་སྲུང་བརྩི་ཞུས་པ་རེད། ང་རང་བོད་ལ་སླེབས་པ་ལྟ་བུའི་ཚོར་བ་སྐྱེས་བྱུང་། གང་ཡིན་ཟེར་ན། བོད་ལ་ཡོད་པ་ནང་བཞིན་སྦྲ་གུར་ཕུབ་པ་དང་། བོད་ཀྱི་ཟས་དང་རྩེད་མོ་སོགས་མང་པོ་དངོས་སུ་མཐོང་བྱུང་། བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་འགྲེམས་སྟོན་ཁག་ལ་གཟིགས་པའི་ཆེད་དུ་ཕྱི་ནས་མི་མང་མང་པོ་སླེབས་འདུག་ལ། བོད་མི་རྒན་གཞོན་གྱི་དྲུང་ནས་གནས་ཚུལ་མི་འདྲ་བ་གསར་པ་མང་པོ་ཐོས་བྱུང་། དེ་དང་དེ་འདྲ་བའི་བྱེད་སྒོ་མང་པོ་ཞིག་སྤེལ་དང་སྤེལ་བཞིན་ཡོད།

མཐའ་མ་དེ་ལ་༸སྐྱབས་མགོན་ཏཱ་ལའི་བླ་མའི་འཁྲུངས་སྐར་གྱི་སྐབས་སུ་ཧ་ཅང་སྐྱིད་པོ་བྱུང་སོང་ལ། མི་ཚེའི་ནང་བརྗེད་ཐབས་མེད་པ་ཞིག་ཆགས་སོང་། ཁོང་དགུང་ལོ་བརྒྱ་དང་སུམ་ཅུ་ལྷག་བཞུགས་པའི་སྨོན་འདུན་དང་། མ་འོངས་པར་དེ་ལས་གྲ་རྒྱས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ལ་སྒུག་བཞིན་ཡོད།