བསྟན་འཛིན་ཀུན་འཛིན་སྣང་གསལ། འཛིན་གྲྭ་དྲུག་པ།
མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།
ང་ནི་བོད་ཕྲུག་ཅིག་ཡིན། ངའི་སྐད་ཡིག་ནི་བོད་ཀྱི་སྐད་ཡིག་ཡིན། དེ་ནི་ངའི་རིག་གཞུང་དང་། གོམས་གཤིས། ལུགས་སྲོལ། དེ་བཞིན་ངའི་ངོ་བོ་མཚོན་ཐུབ། རང་རེ་བོད་ཀྱི་སྐད་ཡིག་ནི་གནའ་བོ་དང་། ཟབ་ཅིང་རྒྱ་ཆེ་ལ་འཛམ་གླིང་གི་སྐད་ཡིག་དུ་མ་ནང་ནས་ཕྱུག་ཤོས་ནང་ཚུད་ཀྱི་ཡོད། སྤྱིར་སྐད་ཡིག་ནི། མི་ཕན་ཚུན་བར་འབྲེལ་ལམ་བྱེད་ཐུབ་པ། སེམས་དང་སེམས་པ་མཐུད་བྱེད་ཀྱི་ཟམ་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད། ངའི་ཕ་མ་བོད་པ་ཡིན་པ་དང་། ངས་ཆུང་དུས་ནས་བོད་སྐད་ཤ་སྟག་ཐོས་པས་བོད་ཡིག་འབྲི་ཀློག་མ་ཤེས་གོང་བོད་སྐད་རྒྱག་ཐུབ་པ། དོན་དག་ཡང་གོ་ཐུབ། དེ་ནས་ལོ་ན་ཆེ་རུ་སོང་བ་ལྟར་རིམ་བཞིན་བོད་ཡིག་འབྲི་ཀློག་ཤེས་པ་དང་ད་ཆ་གུས་མོ་འཛིན་གྲྭ་དྲུག་པར་སླེབས་ཡོད།
སྤྱིར་སློབ་ཕྲུག་ཚང་མ་ཡི་གེ་འབྲི་ཀློག་སློབ་གྲྭ་ནས་སྦྱོང་གི་ཡོད་ཀྱང་རང་གི་ཁྱིམ་ནི་སློབ་གྲྭ་ཐོག་མ་ཆགས་ཀྱི་ཡོད། དེ་བཞིན་ཕ་མ་ནི་དགེ་རྒན་ཐོག་མ་ཆགས་ཀྱི་ཡོད། ཕྲན་རང་གི་ཁྱིམ་ནས་སོ་སོའི་སྐད་དང་། རིག་གཞུང་། ལམ་དང་ལུགས་སྲོལ། ནང་ཆོས། དེ་བཞིན་བོད་པའི་གཤིས་ཀ་ཡ་རབས་བཟང་སྤྱོད་སོགས་ཁྱིམ་ནས་མཐོང་ཐོས་མྱོང་གསུམ་བྱས་དང་བྱེད་བཞིན་ཡོད། སློབ་གྲྭའི་ནང་དགེ་རྒན་རྣམ་པས་བོད་ཡིག་གི་གལ་གནད་དང་། ལོ་རྒྱུས་སོགས་སློབ་སྟོན་གནང་བའི་བཀའ་དྲིན་གྱིས་ད་ཆ་ང་རང་བོད་ཡིག་ཐོག་གདེང་ཚོད་ལྡན་པའི་ཐོག་ནས་འབྲི་ཀློག་བྱེད་ཐུབ། ང་ཚོ་ཐོག་མར་བཙན་བྱོལ་ལ་སླེབས་ནས་༸གོང་ས་མཆོག་གིས་རྒྱ་གར་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བོད་ཕྲུག་ཚོར་བོད་པའི་སྐད་དང་ཡི་གེ་སྦྱོང་ས་སློབ་གྲྭ་ཟུར་དུ་འཛུགས་རྒྱུའི་རོགས་རམ་གནང་རོགས་གསུངས་པ་ལྟར་སྲིད་བློན་གྱིས་དེ་ལ་མོས་མཐུན་གནང་བས་ད་ཆ་ང་ཚོ་མིའི་ལུང་པ་ལ་སོ་སོའི་སྐད་དང་ཡི་གེ་སྦྱོང་བའི་གོ་སྐབས་ཐོབ་པ་དེ་སྣང་ཆུང་དུ་མ་བཏང་བར་གལ་ཆེན་པོ་རྩིས་ཏེ་སྦྱང་བརྩོན་བྱེད་རྒྱུ་དངོས་གནས་གལ་ཆེན་པོ་རེད།
དེང་སང་འཛམ་གླིང་ནང་སྐད་ཡིག་གཞན་པ་དར་ཁྱབ་ཆེན་པོ་ཡོད་ཀྱང་། བོད་པ་ཞིག་གིས་བོད་ཡིག་འབྲི་ཀློག་མི་ཤེས་པ། བོད་སྐད་ཤོད་མི་ཐུབ་པ་ཡིན་ན་དངོས་གནས་ངོ་ཚ་པོ་རེད་ལ་བོད་པའི་སྤྱི་ཚོགས་ནང་རང་ཉིད་ཕོ་རོག་དཀར་པོ་ལྟར་ཟུར་དུ་ཁྱེར་རྐྱང་ལུས་ཀྱི་རེད། དེ་དང་མཉམ་དུ་ཚང་མས་འཕྱ་ལད་རྒྱབ་སའི་གནས་སུ་གྱུར་རོ། དེར་བརྟེན་ང་ཚོ་མི་ཡུལ་རང་དབང་ཅན་གྱི་རྒྱལ་ཁབ་ནང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས་དེ་འདྲའི་གོ་སྐབས་བཟང་པོ་ཞིག་ཐོབ་པ་དེ་འཕྲོ་བརླག་ཏུ་མ་བཏང་བར་ཤ་ཁྲག་རུས་གསུམ་ནས་བོད་པ་གཙང་མ་གཙང་རྐྱང་ཡིན་པས་སོ་སོའི་སྐད་ཡིག་ལ་དགའ་དགའ་སྤྲོ་སྤྲོའི་ངང་སྦྱང་སྤྱོད་བཀོལ་གསུམ་བྱ་རྒྱུ་གལ་ཆེན་པོ་རེད། བོད་ནང་ལ་ཆ་བཞག་ན་བོད་མི་ཚོར་རང་དབང་མེད་པ་དང་། རྒྱ་མིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཆེད་བྱུས་ངན་པའི་ཐབས་ཤེས་མང་པོ་བྱེད་བཞིན་ཡོད། དེ་ག་ནང་བཞིན་བོད་པའི་ཕྲུ་གུ་ཆུང་ཆུང་ཚོ་རང་གི་ཕ་མ་དང་ཁ་བྲལ་ཏེ་བཅའ་སྡོད་སློབ་གྲྭར་བཙན་དབང་གིས་ཁྲིད་དེ་རྒྱ་མིའི་སློབ་གྲྭར་འཛུལ་བཞུགས་བྱེད་འཇུག་གི་ཡོད། ཁོ་ཚོའི་དམིགས་ཡུལ་ནི་གསལ་པོ་གསལ་རྐྱང་རེད། ང་ཚོ་བོད་པའི་ཕྲུ་གུ་རྣམས་ལ་བོད་ཀྱི་སྐད་ཡིག་ཐོག་གོ་རྟོགས་གང་ཡང་མེད་པ་བཟོ་ཐབས་དང་། ཀླད་པའི་ནང་རྒྱ་ཡིག་དང་རྒྱ་ནག་གི་རིག་གཞུང་སོགས་བསམ་བློ་གཏོང་སྟངས། བྱེད་སྟངས་ཚང་མ་ནས་རྒྱ་མི་ཞིག་བཟོ་འདོད་ཡོད་པ་གསལ་པོ་རེད། གང་ཡིན་ཟེར་ན། སྐད་ཡིག་ཉམས་ན་མི་རིགས་ཀྱི་བླ་སྲོག་ཉམས་འགྲོ་གི་ཡོད་པས་ང་ཚོ་སོ་སོའི་སྐད་ཡིག་བདག་གཅེས་རྒྱག་དགོས་ཀྱི་ཡོད། ཕྲན་ཡང་སོ་སོའི་སྐད་ཡིག་ལ་དགའ་ཞེན་ཡོད་པ་དང་། ངས་ནམ་ཡང་རང་གི་སྐད་ཡིག་ལ་སྦྱང་བརྩོན་དང་། བོད་སྐད་གཙང་མ་བཀོལ་སྤྱོད་བྱེད་ཀྱི་ཡིན། འདི་ནི་ངའི་སྤོབས་པ་ཡིན་ལ་ང་ཚོ་བོད་མི་ཚང་མའི་འོས་འགན་ཡང་ཡིན། ང་དང་ངའི་སྐད་ཡིག་ནི་ནམ་ཡང་བྲལ་ཐབས་མེད།

ད་བར་དཔྱད་མཆན་མེད།