བསྟན་འཛིན་སྒྲོན་གསལ། འཛིན་གྲྭ་བརྒྱད་པ།
གུ་རུ་པུར་སཾ་བྷོ་ཊ་ཉིན་སློབ།

གངས་རིས་བསྐོར་བའི་ཡུལ་ན།།
སྤང་ལྗོངས་མང་བའི་ཕ་ཡུལ།།
གངས་ཆུ་གཙང་བའི་ཡུལ་ནི།།
ང་ཚོའི་ཕ་ཡུལ་བོད་ཡིན།།

ཞེས་གོང་དུ་བརྗོད་པ་དེ་ནི་ང་ཚོའི་བོད་ཁ་བ་ཅན་གྱི་གངས་རིས་བསྐོར་བའི་ཡུལ་དང་སྤང་ཐང་རྣམས་ལྗང་ཞིང་གངས་རི་ནས་རྒྱུགས་པའི་གངས་ཆུ་རྣམས་ལ་བརྗོད་ཡོད། སྤྱིར་ངའི་སེམས་ནང་བསམ་བློ་ཉིན་ལྟར་གཏོང་བའི་མ་འོངས་པའི་བོད་ནི་ཞི་བདེ་དང་རང་དབང་ཡོད་པ། སྤྱི་ཚོགས་ཡར་རྒྱས་ཡོད་པ། བོད་མི་རྣམས་འཆམ་མཐུན་ལྡན་པའི་ཡུལ་ཞིག་རེད། དེ་ནི་བོད་མི་རྣམས་ལ་ཐོབ་ཐང་དང་འགན་འཁུར་གཉིས་ཀ་ཡོད། མ་འོངས་པར་བོད་ནང་སློབ་གྲྭ་དང་མཐོ་སློབ་རྣམས་བོོད་སྐད་དང་དབྱིན་སྐད་གཉིས་གཙོ་བོ་སྦྱངས་ནས་ཚན་རིག་ལ་བརྟེན་ནས་ཅ་ལག་གསར་གཏོད་བྱེད་པའི་ནུས་པ་དེ་འཕེལ་བར་བྱེད་དགོས། དེ་བཞིན་མ་འོངས་པར་བོད་ལ་སྦག་སྦག་དང་། མོ་ཊ་སོགས་ཀྱི་ཨང་རྟགས་བྱང་བུ་བོད་ཡིག་དུ་བྲིས་ཐུབ་པའི་རེ་བ་ཡོད། དེ་བཞིན་བོད་ཀྱི་སྐད་ཡིག་ནི་མ་འོངས་བོད་ཀྱི་བླ་སྲོག་ཞིག་ཡིན་པས། དེ་དག་སྲུང་སྐྱོབ་དང་ཡར་རྒྱས་གཏོང་དགོས། བོད་ཀྱི་སྐད་ཡིག་ནི་ཧ་ཅང་གལ་གནད་ཆེ། རྒྱལ་ཁབ་ཅིག་གི་རང་གི་ཆོས་དང་རིག་གཞུང་། འཚོ་གནས་གོམས་གཤིས་སོགས་བརླག་མི་འགྲོ་བའི་ཆེད་དུ་སྐད་དང་ཡི་གེ་གཉིས་ངེས་པར་དུ་བདག་འཛིན་བྱེད་དགོས།

བོད་མི་རིགས་ཀྱི་བླ་སྲོག་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན། རྒྱ་མི་གཞུང་གིས་ང་ཚོའི་མི་རིགས་དེ་རྩ་མེད་བཟོ་རྒྱུའི་ཆེད་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་གཏོར་བཏང་དང་གཏོང་བཞིན་ཡོད། བོད་ནང་དུ་ཡོད་པའི་སློབ་ཕྲུག་རྣམས་འདོད་པ་མེད་ཀྱང་རྒྱ་ཡིག་སྦྱངས་བཅུག་པ་དང། ཕ་མ་དང་ཁ་བྲལ་བཏང་སྟེ་རྒྱ་ནག་གི་གཏན་འཇགས་སློབ་གྲྭར་བཙན་དབང་གིས་བཞག་སྟེ་བོད་པ་ཡིན་པ་སེམས་ནང་བརྗེད་བཅུག་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། བོད་སྐད་སྦྱངས་པ་ཡིན་ན་བོད་མི་རིགས་དང་། སྤྱི་ཚོགས་ལ་འབྲེལ་བ་བྱེད་སའི་ཐབས་ལམ་གཙོ་བོ་ཡིན། བོད་ཀྱི་སྐད་ཡིག་ནི་ནང་ཆོས་ལ་འབྲེལ་བ་ཆེན་པོ་ཡོད། ནང་ཆོས་དང་འབྲེལ་བའི་དཔེ་ཆ་མང་དག་ཅིག་བོད་ཀྱི་སྐད་ཡིག་ཐོག་ཡོད། བོད་ཀྱི་སྐད་ཡིག་མ་ཤེས་ན་བོད་ཀྱི་སྐད་ཡིག་ནང་ཡོད་པའི་བོད་ཀྱི་རྒྱལ་རབས་དང་། ལོ་རྒྱུས། བོད་ཀྱི་རིག་གཞུང་རྣམས་ཧ་མི་གོ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་དུ་ལས་འགུལ་འདྲ་མིན་སྤེལ་བ་རྣམས་ལ་ང་རང་ཚོ་ཤ་ཁྲག་གཅིག་གི་སྤུན་ཟླ་རྣམས་ཀྱིས་བློ་སེམས་གཅིག་དུ་བསྒྲིམས་ནས་བློ་ཅིག་སེམས་ཅིག་གིས་རྒྱབ་སྐྱོར་དང་རོགས་པ་བྱེད་དགོས། དེ་ཡང་ང་ཚོ་ནང་ཁུལ་ཕར་ཚུར་སྐད་ཆ་བཤད་སྐབས་སྐད་ཡིག་བསྲེ་ལྷད་མི་ཡོང་བའི་ཐབས་ཤེས་གང་ཐུབ་བྱེད་དགོས། ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་བུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་རྒྱུན་འཛིན་ཆེད་དམིགས་སུ་བཀར་ནས་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་གནང་ནས། ད་བར་དུ་རྒྱུན་འཛིན་ཐུབ་པ་ཞིག་བྱུང་ཡོད། རྒྱལ་སྤྱིའི་ནང་དུའང་བོད་མི་རིགས་ཀྱི་ངོ་བོ་བཟང་པོ་ཞིག་ཡོད་པ་དེ་མཐོང་ཐུབ་པ་བྱ་དགོས། ངའི་རེ་བ་ནི་མ་འོངས་པར་བོད་ནང་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས། བོད་ནི་གངས་རིས་བསྐོར་བའི་ཡུལ་ཞིག་ཡིན་པས་འཛམ་གླིང་གི་སྣེ་མོ་གསུམ་པ་ཞེས་ཀྱང་འབོད་ཀྱི་ཡོད་པས་དེ་སྲུང་སྐྱོབ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཡིན། དེར་བརྟེན། མ་འོངས་པའི་བོད་དེ། རི་ཀླུང་དང་། སྤང་ལྗོངས་རྣམས་གཙང་མ་བཞག་དགོས་པ་མ་ཟད། ཤིང་ནགས་གཅོད་འབྲེག་མི་བྱེད་པ་དང་། རི་དྭགས་སོགས་སྐྱེ་འགྲོ་གང་བྱུང་མི་གསོད་པ། ས་གཏེར་གང་བྱུང་སྔོག་འདོན་མི་བྱེད་པ་སོགས་ཁོར་ཡུག་ལ་དེ་ཕོག་ཆེ་བའི་་བྱ་སྤྱོད་དེ་དག་ཚང་མར་དོ་སྣང་བྱས་ནས་སྤང་དགོས་པ་སེམས་ལ་བཅང་དགོས། དེ་བཞིན། བོད་ནང་སྡོད་ཁང་དང་ལྷ་ཁང་། སློབ་གྲྭ། སྨན་ཁང་། བཟོ་གྲྭ། འགྲུལ་ཁང་སོགས་ཀྱི་ཉེ་འགྲམ་དུ་ཤིང་ནགས་དང་མེ་ཏོག་འདེབས་འཛུགས་བྱེད་དགོས་པ་མ་ཟད། རྒྱ་མིས་ཤིང་ནགས་གཅོད་འབྲེག་བྱས་པའི་རི་ཀླུང་རྣམས་ལ་ཤིང་ཚབ་གསར་འཛུགས་བྱེད་དགོས། མ་འོངས་པར་ང་ཚོས་རང་ཉིད་འཚོ་སྡོད་བྱེད་སའི་བོད་རྒྱལ་ཁབ་ཀྱི་ཁོར་ཡུག་ལ་བདག་གཅེས་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་བ་ཡིན།

མཐའ་མར་བརྗོད་འདོད་པའི་སྐད་ཆ་ནི། མ་འོངས་པར་བོད་ནང་དུ་དཔལ་འབྱོར་ཡར་རྒྱས་དང། སྤྱི་ཚོགས་བདེ་སྐྱིད་ཡོད་པ། བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་བ་ལ་རང་དབང་ཡོད་པ་དགོས། ད་ལྟ་ཕ་ཡུལ་བོད་ལ་ཡོད་པའི་བོད་མི་རྣམས་ལ་རང་དབང་མེད་ཀྱང་ང་ཚོ་བོད་མི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་ཀྱིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་གཞོན་པ་རྣམས་ཀྱིས་དཀའ་ལས་དང་བརྩོན་འགྲུས་བྱས་ཏེ་བོད་རང་བཙན་ལེན་ཐུབ་པ་བྱ་རྒྱུ་ཡིན། གུས་མོ་ང་རང་ལ་རེ་བ་དང་སྨོན་ལམ་གཅིག་ཡོད་པ་དེ་ནི་ང་ཚོ་བོད་རིགས་སྤུན་ཟླ་རྣམས་ཕ་ཡུལ་བོད་དུ་མྱུར་དུ་མཉམ་འཛོམས་ཀྱིས་དགའ་སྤྲོའི་ངང་མི་ཚེ་བསྐྱེལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད། མ་འོངས་པར་བོད་ཁ་བའི་ལྗོངས་སུ་བོད་མི་ཚང་མར་རང་དབང་དང་། འདྲ་གཉམ། ཞི་བདེ་དགའ་སྐྱིད་ཡོད་པའི་སྤྱི་ཚོགས་ཞིག་བཟོ་ཐུབ་པ་དགོས། ང་རང་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྩེ་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་ཕེབས་བསུ་ཞུ་ཐུབ་པའི་རེ་བ་དང་འབད་བརྩོན་སྨོན་ལམ་དུས་རྟག་ཏུ་འདེབས་བཞིན་ཡོད། མྱུར་དུ་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་སྨོན་འདུན་དང་འཛམ་གླིང་ཞི་བདེ་ལ་གནོད་འཚེ་མེད་པར་བདེ་སྐྱིད་སྨོན།