བསྟན་འཛིན་འཛོམས་སྐྱིད། འཛིན་གྲྭ་དྲུག་པ།
མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།

ང་ཚོའི་ཕ་ཡུལ་ནི་བོད་ཡིན་ན་ཡང་། ད་ལྟ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་སྟབས། བོད་ལ་སྔོན་མ་ནང་བཞིན་རང་དབང་མེད་པ་མ་ཟད་ངས་མངོན་སུམ་ཐོག་བོད་མཇལ་མ་མྱོང་བ་དང་། ང་དང་ང་འདྲ་བའི་བཙན་བྱོལ་དུ་སྐྱེས་པའི་བོད་ཕྲུག་མང་ཆེ་བས་བོད་མཇལ་མྱོང་མེད། ཡིན་ན་ཡང་སེམས་ཤུགས་མ་ཆགས། ཉིན་ཞིག་བོད་ལ་སྐྱིད་པའི་ཉིན་མ་ཤར་གྱི་རེད། ག་རེ་བྱས་ན་མ་བྱས་ནའང་རྒྱ་ནག་གིས་ང་ཚོར་བོད་རང་བཙན་སྤྲད་དགོས་པ་ཞིག་ཆགས་ཀྱི་རེད། དེ་དུས་ང་ཚོའི་རྩ་བའི་བླ་མ་༸གོང་ས་མཆོག་དང་བོད་མི་ཚང་མ་བོད་ལ་ལོག་རྒྱུ་ཡོང་གི་རེད། ༸གོང་ས་མཆོག་ཕོ་བྲང་པོ་ཏ་ལར་བཞུགས་ནས་བོད་མི་ཚང་མ་ལ་ཆོས་གསུང་གི་རེད། བོད་ལ་དམག་མི་མེད་པར་བཟོས་ནས་བོད་ནང་ཁུལ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་ཆ་ཚང་མཉམ་དུ་མཐུན་ལམ་བྱེད་ཀྱི་རེད། ལུང་པ་གཞན་ལ་དམག་མི་ཡོད་ཀྱང་བོད་ལ་དམག་མི་མེད་པར་ཞི་བདེའི་ངང་གནས་ཀྱི་རེད། ང་ཚོའི་རྒྱལ་ཁབ་བོད་དེ་རྒྱལ་ཁབ་གཞན་དང་མི་འདྲ་བར་ཞི་བདེའི་རྒྱལ་ཁབ་ཅིག་ལ་འགྱུར་གྱི་རེད། བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་ཀྱིས་སྲིད་སྐྱོང་བདམ་གྱི་རེད། ད་ལྟ་ང་ཚོའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཡིན་པ་ནང་བཞིན་རེད། ད་ལྟ་བོད་ཀྱི་ལུང་པ་དེ་རྒྱལ་ཁབ་གཞན་མང་པོས་ཤེས་ཀྱི་མེད། ཡིན་ན་ཡང་མ་འོངས་པར་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་མ་ཟད་རྒྱལ་ཁབ་མང་པོས་བོད་ཀྱི་རྒྱལ་ཁབ་ལ་ཞི་བདེའི་རྒྱལ་ཁབ་ཅེས་གང་སར་ཁྱབ་ཀྱི་རེད། ང་ཚོའི་བོད་ཀྱི་རྒྱལ་ཁབ་དེ་ཞི་བདེའི་རྒྱལ་ཁབ་ཅེས་གང་སར་ཁྱབ་ན་རྒྱལ་ཁབ་གཞན་གྱི་མི་རྣམས་བོད་དང་༸གོང་ས་མཆོག་མཇལ་དུ་བོད་ལ་ཕེབས་ཀྱི་རེད། བོད་ཀྱི་ས་ཆའི་ཆུ་གཙང་མ་དང་། ས་གཙང་མ། རླུང་གཙང་མ་སོགས་ཡོད་སྟབས་བོད་ཀྱི་མི་རྣམས་ཉི་ཧོང་ལུང་པའི་མི་བཞིན་ཚེ་རིང་པོ་བཞུགས་ཀྱི་རེད།

རྒྱ་མིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་བོད་ཀྱི་དགོན་པ་མང་པོ་ཞིག་གཏོར་བཤིག་བཏང་བར་མ་ཟད། གྲྭ་བ་ཚོ་ལ་ཆོས་བྱེད་པའི་རང་དབང་སྤྲོད་ཀྱི་མེད། དེང་སང་ལ་ཆ་བཞག་པ་ཡིན་ན་ཡང་། རྒྱ་མིས་དགོན་པ་གཏོར་བ་དང་ཆོས་བྱེད་པར་དཀའ་ངལ་བཟོ་བ་སོགས་བྱེད་ཀྱི་ཡོད། ཡིན་ན་ཡང་མ་འོངས་པར་ང་ཚོ་བོད་ལ་སླེབས་དུས་དགོན་པ་རྣམས་དང་ནང་པའི་ཆོས་རྣམས་དར་སྤེལ་གནང་གི་རེད། བོད་ཀྱི་ཆོས་དེ་འཛམ་གླིང་ཡོངས་ལ་ཁྱབ་ཀྱི་རེད། བོད་ལ་གངས་རི་མང་པོ་ཡོད་པས། ཆུ་བོ་ཡང་ཧ་ཅང་མང་པོ་ཡོད། ཆུ་བོ་དེ་རྣམས་ཧ་ཅང་གཙང་མ་ཡང་ཡོད། ཡིན་ན་ཡང་ད་ལྟ་རྒྱ་མིས་བོད་ཀྱི་ཆུ་བོ་རྣམས་རྒྱལ་ཁབ་གཞན་ལ་མ་བཏང་བར་བཀག་ནས་རྒྱལ་ཁབ་གཞན་གྱི་མི་རྣམས་ལ་དཀའ་ངལ་བཟོ་གི་ཡོད། ཡིན་ན་ཡང་མ་འོངས་པར་བོད་ལ་རང་བཙན་རག་དུས་བོད་པ་ཚོས་ཆུ་བོ་དེ་རྣམས་གཙང་མ་ཉར་གྱི་རེད་ལ། ཆུ་བོ་དེ་རྣམས་མ་བཀག་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གཏང་གི་རེེད། ཁྱིམ་མཚེས་རྒྱལ་ཁབ་དེ་ཚོས་ཀྱང་བོད་པས་ཡག་པོ་བྱེད་པ་ཤེས་ནས་བོད་ལ་རོགས་པ་ག་རེ་དགོས་ན་ཡང་བྱེད་ཀྱི་རེད། ངས་ད་ལྟ་ནས་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ནས་མ་འོངས་པར་བོད་ལ་ཅ་དངོས་བེད་སྤྱོད་ཡོད་པ་དང་ཅ་དངོས་ཡག་པོ་མང་པོ་གསར་གཏོད་བྱེད་རྒྱུ་ཡིན། ངས་མི་དང་ཁོར་ཡུག་ལ་གནོད་པའི་ཅ་དངོས་རིགས་གསར་གཏོད་བྱེད་ཀྱི་མིན། ངས་མི་དང་ཁོར་ཡུག་ལ་མི་གནོད་པ་དང་། བོད་ཀྱི་རིག་གནས་ཡར་རྒྱས་གཏོང་བ་ལ་ཕན་ཐོགས་ཡོད་པའི་ཅ་དངོས་མང་པོ་གསར་གཏོད་བྱེད་ཀྱི་ཡིན།

མདོར་བསྡུས་ནས་བཤད་ན། ད་ལྟ་ང་ཚོའི་ལུང་པ་ནི་རྒྱ་མིའི་བཙན་བཟུང་འོག་ཡོད་པས་བོད་མི་རྣམས་ལུང་པ་གང་ས་ལ་ཁ་འཐོར་ཡོད། ཡིན་ན་ཡང་མ་འོངས་པར་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་ནས་ང་ཚོ་ལ་བོད་རང་བཙན་རག་གི་རེད། དེའི་སྐབས་སུ་༸གོང་ས་མཆོག་དང་བོད་མི་རྣམས་བོད་ལ་ལོག་ནས་བོད་ཀྱི་སྐད་དང་རིག་གཞུང་སོགས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་ཀྱི་རེད། ང་འདྲ་པོ་ལ་ཆ་བཞག་ན་རྒྱ་གར་ལ་སྐྱེས་པ་ཞིག་ཡིན་པས་བོད་མཇལ་མྱོང་མེད། ཡིན་ན་ཡང་ངའི་རྩ་བའི་བླ་མ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་འཚོ་བཞུགས་ཡོད་པའི་སྐབས་བོད་རང་བཙན་ཏན་ཏན་རག་གི་རེད་བསམ་པའི་རེ་བ་ཆེན་པོ་ཡོད་ལ། བོད་ལ་ལོག་རྒྱུ་དང་། བོད་ལ་ཡོད་པའི་ངའི་ཕ་མའི་ནང་མི་རྣམས་མཇལ་རྒྱུ་ཡོང་བའི་སྨོན་ལམ་མང་པོ་བརྒྱབ་ཀྱི་ཡོད།