བསྟན་འཛིན་དྭངས་མཚོ། འཛིན་གྲྭ་བརྒྱད་པ།
གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

ནམ་མཁའ་དྭངས་ཤིང་མཁའ་རླུང་སིལ་བའི་གངས་ལྗོངས་བོད།
སྤངས་ལྗོངས་ལྗང་ཞིང་རྒྱབ་ཕྱོགས་མཛེས་པའི་མེ་ཏོག་ཁེངས།
དྭངས་གཙང་རྒྱུག་ཆུ་ཤང་ཤང་བཞུར་བའི་སྒྲ་སོགས་ཐོས།
གངས་ལྗོངས་ཕ་ཡུལ་དེ་ནི་ཡུལ་གྱི་བཀོད་པ་མཛེས།

དེ་ཡང་གླུ་གར་གྱི་རྒྱ་མཚོའི་རིག་གནས་ཀྱི་བང་མཛོད་རིན་ཆེན་གྱི་གཏེར་གྱི་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་འབྱུང་ཁུངས་བོད་ཟེར་བའི་རྒྱལ་ཁབ་འདི་སྔོན་མ་ནས་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད་རང་དབང་ཡོད་པའི་རྒྱལ་ཁབ་དང་གཅིག་མཚུངས་ཀྱི་ཁྲིམས་ཆ་ཚང་ཡོད། ཡིན་ན་ཡང་། ཕྱི་ལོ་ ༡༩༥༩ ལོར་རང་རྒྱལ་གཞན་ཕམ་བསམ་བློའི་ཐོག་ནས་རྒྱ་དམར་གྱི་བཙན་གནོན་འོག་ང་ཚོའི་མཛེས་ལྗོངས་ཡིད་འོང་ལྡན་པའི་རྒྱལ་ཁབ་བོད་ཡུལ་དེ་འཕྲོག་པ་རེད་ལ། ད་ལྟ་ཡང་ང་ཚོའི་རྒྱལ་ཁབ་ནང་འཚོ་བ་སྐྱེལ་ནས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཚད་ལས་བརྒལ་བའི་མནར་གཅོད་བཏང་དང་གཏོང་བཞིན་ཡོད།

དུས་རྒྱུན་མི་རྣམས་ཀྱིས་བོད་ཡུལ་ནི་མཐོ་ཞིང་བརྗིད་པའི་གངས་རི་དང་སྤངས་རི། རྫ་རི། ནགས་རི། གཡའ་རི་སོགས་དང་། དྭངས་ཤིང་གཙང་ལ་བཞུར་རྒྱུན་རིང་བའི་ཆུ་བོ་དང་ངོ་མཚར་ཞིང་བཀྲག་མདངས་འཚེར་བའི་མཚོ་དང་མཚེའུ་རིན་ཐང་ཆེ་ཞིང་། འཛམ་གླིང་དུ་དཀོན་པའི་གཏེར་ཁ་དང་སྲོག་ཆགས། སྨན་རྩས་ཁེངས་ཤིང་མུ་མཐའ་མེད་པའི་རྩྭ་ཐང་སོགས་མ་བཅོས་ལྷུན་གྱིས་གྲུབ་པའི་རང་བྱུང་ཁམས་ཀྱི་བཀོད་པ་ལྟ་ན་སྡུག་པ་ཞིག་ཡིན་པར་ངོས་འཛིན་བྱེད་ལ། ད་དུང་བོད་མི་རྣམས་ནི་རྣམ་དཔྱོད་ལྡན་པ་དང་སྙིང་སྟོབས་ཆེ་བ་བློ་སེམས་དཀར་བ། ནག་པོའི་སྡིག་པའི་ལས་ལ་འཛེམས་མཁན། དཀར་པོའི་དགེ་བའི་ལས་ལ་འབད་མཁན་གྱི་ཡ་རབས་སྤྱོད་བཟང་ལྡན་པའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མ་ཟད་མཐའ་སྐོར་ལ་བརྗིད་ཆགས་ཡིད་འོང་ལྡན་པའི་གངས་རི་ར་བས་བསྐོར་ཡོད་པ་དང་། རི་བོ་གནམ་ལྕག་འབར་བར་སྐོར་བ་རྟ་མིག་འདྲ་བའི་རི་རྒྱ་ཆེ་ཞིང་མཐོང་ན་མཛེས་པའི་སྤང་ཐང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ནོར་རྩ་ཆེན་ཧ་ཅང་འཛོམས་པའི་ལུང་པ་ཞིག་ཡིན། ལྷག་པར་དུ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་ཡིད་ཆེས་བྱེད་མཁན་གྱིས་ང་དང་ང་འདྲ་བའི་བོད་མི་རྣམས་ལ་མཚོན་ན་སོ་སོའི་ལུང་པའི་ལུགས་སྲོལ་དང་གོམས་གཤིས་སོགས་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ་དེ་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་ཤིན་ཏུ་གལ་ཆེ། ཤིན་ཏུ་སྐྱོ་དགོས་པ་ཞིག་ལ། ཕྱི་ལོ་ ༡༩༥༩ ནས་ད་བར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཡོད་པ་དང་ཁོ་ཚོའི་ང་ཚོ་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཧ་ཅང་མང་པོ་གཏང་ཡོད། གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་འབྲེག་བྱས་པ་སོགས་ལས་གཞི་ཚད་ལས་བསྒལ་བ་བྱས་ནས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་མང་དག་ཅིག་བྱུང་དང་འབྱུང་བཞིན་པ་ཡིན། སོང་ཙང་ང་ཚོའི་ངོས་ནས་བོད་རྒྱལ་ཁབ་ལ་ཕན་མ་ཐོགས་ནའང་རང་ཉིད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཆོས་ལུགས་སོགས་མི་ཉམས་རྒྱུན་འཛིན་བྱེད་དགོས། འཇིག་རྟེན་འདིའི་ཐོག་གནས་མཁན་གྱི་འབངས་མི་ཆ་ཚང་གི་མཐོང་བཅོལ་ས་དང་བརྩི་བཀུར་བྱེད་ས་ཉི་མ་ལས་གཟི་བརྗིད་ཆེ་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཐམས་ཅད་མཁྱེན་པ་མཆོག་སྐུ་ན་ཕྲ་དུས་ནས་ས་ཡ་དྲུག་གི་འགན་དཔུང་ཕྲག་ཏུ་བཞེས་ནས་དཀའ་སྡུག་མང་པོ་ཞིག་ལ་གདོང་ལེན་གནང་ཡོད། དེ་ཙམ་མ་ཟད་ད་ལྟ་དགུང་ལོ་ ༩༠ ཡིན་ན་ཡང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་སྐྱོན་དང་སྐྱོན་མུས་ཡིན། མ་འོངས་པ་སོ་སོའི་ཆོས་ལུགས་རྒྱུན་འཛིན་ཡག་པོ་དགོས་ན་ད་ལྟ་ནས་མི་རིགས་ཀྱི་སེམས་ཤུགས་དང་སྤོབས་པའི་ངང་བོད་ཀྱི་སྐད་ཡིག་དེ་བདག་པོ་བརྒྱབ་པ་དང་དུས་རྒྱུན་དུ་སྐད་ཆ་ཤོད་པའི་སྐབས་སྲེས་ལྷད་མེད་པའི་བོད་སྐད་གཙང་མར་འབད་བརྩོན་དགོས་པ་ཡིན། ཉིན་ཞིག་ང་ཚོ་ལ་རང་བཙན་རགས་དུས་རྩམ་གཟན་པ་ཚང་མས་རྡོག་རྩ་གཅིག་སྒྲིལ་ངང་བོད་ཀྱི་ཁོར་ཡུག་ལ་དོ་སྣང་མང་ཙམ་བྱེད་པ་དང་། སྲོལ་རྒྱུན་གྱི་ལུགས་སྲོལ་རྣམས་འཛིན་སྐྱོང་བྱེད་པ་ཕ་ཡུལ་གངས་ལྗོངས་ལ་ཞེན་ཁོག་ཐོག་བདག་པོ་བརྒྱབ་པ་ཡིན་ན་ཉིན་ཞིག་ང་ཚོའི་ཕ་ཡུལ་འདིའི་གོ་ལ་ཟླུམ་གཟུགས་འདི་ནང་ནས་གཙང་ཤོས་དང་མཐུན་རྐྱེན་འཛོམས་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཐུབ་པ་ངས་ཏན་ཏན་ཞུ་ཐུབ།

འཛམ་གླིང་ས་ཡི་ཡང་རྩེ་བོད་ཡུལ་ཁ་བའི་ལྗོངས་སུ་གནས་པའི་བོད་ཕྲུག་གི་ལུས་སུ་བོད་ལྭ་དང་ངག་ནས་བོད་སྐད་ཐ་ན་ཁ་ཟས་སུ་བོད་ཟས་ཅིག་ཀྱང་ཆད་མྱོང་མེད། ད་དུང་རྒྱ་དམར་གཞུང་གི་ཕྱོགས་ལྷུང་གི་ལྟ་བ་ཤིན་ཏུ་དབང་བཙན་པས། ང་ཚོས་རང་གི་སྐད་ཡིག་སྤྱོད་དབང་མེད་ལ་མི་རིགས་ཀྱི་བསམ་བློའི་རང་དབང་དེ་བས་ཀྱང་མེད། ཐ་ན་རང་རེའི་བོད་ཀྱི་སློབ་ཕྲུག་ཚོ་བོད་ཡིག་གནས་ཚད་ཆེས་ལེགས་པོ་ཡོད་ནའང་དེ་ལ་མཐོང་ཆེན་བྱེད་མཁན་མེད་ལ་བརྩི་བཀུར་བྱེད་མཁན་ཡང་ཤིན་ཏུ་དཀོན། བོད་དུ་ད་ལྟ་གནས་སྟངས་དེ་འདྲའི་སྐྱོ་བོ་དང་གལ་སྲིད་རྒྱ་གར་འཕགས་པའི་ཡུལ་དུ་གནས་པའི་ཆོལ་གསུམ་སྤུན་ཟླ་རྣམས་བོད་སྐད་ཡག་པོ་མ་སྦྱངས་ན་སའི་གོ་ལ་འདིའི་ཐོག་བོད་སྐད་ཞེས་པ་ག་ལེ་ཡལ་སྲིད། གང་ཡིན་ཟེར་ན། སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པ་དང་སྐད་ཡིག་དེ་བརླག་དུས་མི་རིགས་དེ་ཡང་མིང་ཙམ་དུ་འགྱུར་གྱི་ཡོད། མི་རིགས་སུ་ཞིག་དང་རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་ཟླུམ་གཟུགས་གོ་ལ་འདིའི་སྟེང་ནས་གསོན་འཚོ་དང་མདུན་སྐྱོད་ཡར་རྒྱས་འདོད་ན་སོ་སོའི་སྐད་ཡིག་དེ་སྲ་ཞིང་བརྟན་པོར་གནས་ཐུབ་མིན་ལ་ཐུག་ཡོད། མ་ཟད་བདག་གི་ལྷག་བསམ་དྭངས་མ་ཞིག་གིས་རྒྱང་རིང་དུ་ལྟ་དུས་མི་རིགས་ཤིག་སྔོན་ཐོན་ཅན་དུ་འགྲོ་འདོད་ན་རང་གི་སྐད་ཡིག་ལ་ངེས་པར་དུ་བསྟེན་དགོས་པ་ནི་མེད་དུ་མི་རུང་བའི་བསམ་བློའི་ཁ་ཕྱོགས་ཤིག་ཏུ་མངོན། བོད་མི་རིགས་ལ་དུང་ཞེན་དང་ལ་རྒྱ་འགན་འཁུར་ཆེ་བའི་སེམས་ཚོར་ཞིག་ཀྱང་ངེས་པར་དུ་དགོས། སྦྲང་དཀར་རྩམ་པ་བཟའ་མཁན་གྱི་བོད་མི་ང་ཚོ་ལ་ཆ་མཚོན་ན་རང་ཉིད་ཀྱི་རྒྱལ་ཁབ་བོད་ཡིན་པས་གདེང་སྤོབས་དགོས། གངས་ལྗོངས་མི་རིགས་འདི་ནི་ཡུལ་གྱི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ། ཡངས་ཤིང་རྒྱ་ཆེ་བ། རང་བྱུང་གཏེར་རྫས་དུ་མས་ཕྱུག་ཅིང་འཛམ་གླིང་སྐྱེ་འགྲོ་སྤྱི་ཡི་ཆུའི་འབྱུང་ཁུངས་དང་དབུ་ཁྲིད་མཆོག་ཏུ་འགྱུར་བ་ཞིག་ཡོད་པས་མདོར་ན་རང་རེའི་རྒྱལ་ཁབ་ལ་བརྩེ་སེམས་བྱེད་དགོས་པ་དེ་གུས་མོས་ཁ་ཚ་དགོས་གཏུགས་ཤིག་ཏུ་མངོན།