བསྟན་འཛིན་ལྷ་མོ། འཛིན་གྲྭ་བརྒྱད་པ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
ཐོག་མ་དེར་ངས་བོད་ཀྱི་སྐད་ཡིག་གསར་གཏོད་གནང་མཁན་སློབ་དཔོན་ཆེན་པོ་ཐོན་མི་སམ་བྷོ་ཊ་ངོ་སྤྲོད་བྱེད་འདོད་བྱུང། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱལ་པོས་བློན་པོ་བློ་རིག་རྣོ་བ་བཅུ་དྲུག་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བ་རེད། སྐབས་དེ་དུས་ལ་ལ་ནད་ཀྱིས་མནར་བ་དང། ལ་ལ་གནམ་གཤིས་རྐྱེན་པས་ཚ་བས་ཤི། ལ་ལ་འགྲོ་མ་ནུས་པ་སོགས་ཀྱི་དཀའ་ཚེགས་མང་པོ་འཕྲད། འོན་ཀྱང་ཐོན་མི་སམ་བྷོ་ཊས་དཀལ་ངལ་དེ་དག་ལ་གདོང་ལེན་གནང་སྟེ་མཐར་རྒྱ་གར་དུ་ཕེབས་ཐུབ་པ་རེད། རྒྱ་གར་དུ་འབྱོར་རྗེས་ཁོང་གིས་རྒྱ་གར་གྱི་ས་ཕྱོགས་གང་སར་མྱུལ་ཏེ། བྲམ་ཟེ་ལི་བྱིན་ཀ་ར་དང་ལྷ་རིག་པའི་སེང་གེ་གཉིས་ཀྱི་ཞབས་ལ་བཏུགས་ཏེ་སྒྲ་དང་རྒྱ་གར་གྱི་ཡི་གེ་བྱང་ཆུབ་པ་སྦྱངས་གནང་བ་རེད། དེ་ནས་ཁོང་གིས་གཅིག་ནས་བོད་ཀྱི་སྐད་ལ་ཞིབ་འཇུག་དང་གཉིས་ནས་རྒྱ་གར་གྱི་ཡི་གེ་ལ་ཞིབ་འཇུག་གནང་སྟེ་མཐར་མི་རིགས་རང་ཉིད་ཀྱི་སྐད་དང་ཡོངས་སུ་མཐུན་པའི་བོད་ཡིག་གསར་གཏོད་གནང་བ་རེད། དུས་དེ་ནས་བཟུང་བོད་དེ་ཡི་གེ་ཡོད་པའི་རྒྱལ་ཁབ་ཅིག་ཏུ་གྱུར་བ་དང། ནང་ཆོས་ཀྱང་དར་བ་རེད། འོན་ཀྱང་བོད་ལ་རྒྱ་ནག་གཞུང་ནས་དབང་བསྒྱུར་བྱས་རྗེས། བོད་ནང་གི་དགོན་པ་དང་རིན་ཐང་བྲལ་བའི་སྐུ་ཧ་ཅང་མང་པོ་གཏོར་བཤིག་བཏང་བ་མ་ཟད། བོད་མི་ས་ཡ་མང་པོ་དམར་གསོད་བཏང་ཡོད། དེ་བས་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཏོར་བཤིག་བཏང་རྒྱུའི་ཐབས་ཤེས་བྱས་པ་རེད། མའོ་ཙེ་ཏུང་གིས། མི་རིགས་ཤིག་རྩ་མེད་བཏང་དགོས་ན། ཐོག་མར་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་དགོས། ཞེས་བཤད་མྱོང་ཡོད། དུས་ད་ལྟའང་རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་དེ་ལག་བསྟར་བྱེད་བཞིན་ཡོད།
དེང་གི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་བཅའ་སྡོད་སློབ་གྲྭ་གསར་འཛུགས་བྱས་ཏེ་བོད་ཕྲུག་སྟོང་ཕྲག་མང་པོ་བཙན་ཁྲིད་བྱས་ཏེ་སློབ་གྲྭ་དེ་ཚོའི་ནང་བཅུག་ཡོད། སློབ་གྲྭ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་ཆེད་དུ་ཡིན་པ་དང། མ་འོངས་པར་དམར་ཤོག་སྲིད་གཞུང་གི་དབང་བསྒྱུར་ལ་འགོག་རྐྱེན་མ་ཡོང་བའི་ཆེད་དུ་རེད། སློབ་གྲྭ་དེའི་ནང་རྒྱ་མིའི་དགེ་རྒན་ཚོས་རྒྱ་སྐད་དང་རྒྱ་ཡིག་སློབ་ཁྲིད་བྱས་ཏེ་བོད་ཕྲུག་རྣམས་བོད་ཀྱི་སྐད་ཡིག་དང་རྒྱང་ཐག་རིང་དུ་གཏོང་རྒྱུའི་ཆེད་དུ་རེད། སློབ་གྲྭ་དེ་དག་གི་ནང་སློབ་སྦྱོང་བྱེད་མཁན་བོད་ཕྲུག་རྣམས་ཀྱིས་ད་ཆ་བོད་སྐད་གཙང་མ་བཤད་མ་ཤེས་པ་དང། རང་ཉིད་ཀྱི་མིང་ཡང་རྒྱ་མིའི་སྒྲ་གདངས་ཀྱི་ཐོག་ནས་འབོད་ཀྱི་ཡོད། དེར་བརྟེན་ཕ་མ་རྣམས་སེམས་ཁྲལ་ལངས་ཏེ་རང་གི་བུ་ཕྲུག་རྣམས་རྒྱ་གཞུང་གིས་མ་ཤེས་པར་བྱས་ཏེ་བོད་ཡིག་ཟུར་ཁྲིད་འཛིན་གྲྭར་བཏང་གི་ཡོད། ངས་བསམ་བློ་ཞིབ་མོ་ཞིག་བཏང་དུས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་རིགས་དང་བོད་ཕྲུག་རྣམས་ཧ་ཅང་ཐབས་སྐྱོ་པོ་རེད་སྙམ་གྱི་འདུག གང་ཡིན་ཟེར་ན། ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ལ་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱེད་རྒྱུའི་མཐུན་རྐྱེན་དང་རང་དབང་ཆ་ཚང་ཡོད། འོན་ཀྱང་ང་ཚོས་གོ་སྐབས་དེ་ཆུད་ཟོས་སུ་བཏང་སྟེ་རང་གི་སྐད་ཡིག་ལས་མི་རིགས་གཞན་གྱི་སྐད་ཡིག་ལ་དོ་སྣང་དང་སྦྱང་བརྩོན་ཤུགས་ཆེ་བ་བྱེད་ཀྱི་ཡོད། ད་ནི་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་རྨོངས་གཉིད་ལས་སད་པའི་དུས་ལ་སླེབས་འདུག བོད་ནང་ལ་རྒྱ་ནག་གཞུང་གིས་ང་ཚོའི་ཆོས་དང་སྐད་ཡིག་རིག་གཞུང་ཚང་མ་རྩ་མེད་ཤུལ་མེད་དུ་བཟོ་རྩིས་བྱེད་ཀྱི་ཡོད་ཀྱང། བོད་མི་རྣམས་ཀྱིས་རང་སྲོག་ཀྱང་བློས་བཏང་སྟེ་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་དེ་བས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་མ་བྱེད་ན་དངོས་གནས་ཐབས་རྡུག་མ་རེད་དམ།
ང་ཚོ་ན་ཆུང་སློབ་ཕྲུག་རྣམས་ནི་བོད་ཀྱི་སོན་རྩ་ཡིན་པས། ང་ཚོས་བོད་ཀྱི་སྐད་དང་རིག་གཞུང་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་ཞེ་ན།
༡། ང་ཚོས་རྒྱུན་ཏུ་སྙན་ཞུ་དང་ཡི་གེ་གཏོང་སྐབས་སུ་ངེས་པར་དུ་བོད་ཡིག་ནང་འབྲི་དགོས།
༢། ང་ཚོ་ཕན་ཚུན་གླེང་མོལ་བྱེད་པའི་སྐབས་སུ་བོད་སྐད་གཙང་མ་བཤད་པ་དང། སྐད་རིགས་གཞན་མཉམ་བསྲེས་བྱེད་རྒྱུ་མེད།
༣། བོད་ཡིག་དེ་རང་མི་རིགས་ཀྱི་སྐད་ཡིག་ཡིན་པ་ཤེས་པར་བྱས་ཏེ་སྦྱངས་བརྩོན་ཧུར་ཐག་བྱེད་དགོས།
༤། ང་ཚོ་བོད་པ་ཡིན་པར་བརྟེན་དཔེ་མཛོད་ཁང་ནང་བོད་ཡིག་གི་སྒྲུང་དེབ་མང་ཙམ་ཀློག་དགོས་པ་དང། བོད་ཡིག་འབྲི་རྒྱུར་དགའ་ཞེན་བྱེད་དགོས། གལ་སྲིད་བོད་ཡིག་མ་བྲི་བ་དང་བོད་སྐད་མ་བཤད་ན། བོད་ཀྱི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་ཐུབ་ཀྱི་མ་རེད།
གཤམ་ལ་ངས་རྩོམ་ཐུང་འདི་མཇུག་མ་སྒྲིལ་གོང་སྐད་ཆ་ཚིག་ཁ་ཤས་ཤིག་འབྲི་འདོད་བྱུང། བོད་ནང་གི་བོད་མི་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུར་ཡོད་ཚད་བློས་བཏང་གནང་གི་འདུག འོན་ཀྱང་ང་ཚོ་རྒྱ་གར་དང་ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་བོད་ཕྲུག་རྣམས་ཀྱིས་ཁ་ནས་བཤད་པ་ཙམ་ལས་བོད་ཡིག་ལ་དགའ་ཞེན་བྱེད་ཀྱི་མི་འདུག དེ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་མ་རེད་དམ། དེར་བརྟེན་ངས་ལག་ཟུང་ཐལ་མོ་སྦྱར་ཏེ་བོད་ཕྲུག་རྣམས་ཀྱིས་དམིགས་བསལ་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་རྒྱུར་སྔར་ལས་ལྷག་པའི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།།

ད་བར་དཔྱད་མཆན་མེད།