ཨོ་རྒྱན་རྡོ་རྗེ། འཛིན་གྲྭ་དྲུག་པ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།
མི་རིགས་ཀྱི་སྤྱོད་ལམ་བཟང་པོ།།
ལྷན་སྐྱེས་ཀྱི་རང་གཤིས་འཇམ་པོ།།
མི་རིགས་ཀྱི་ངོ་བོ་སྲུང་ཆེད།།
སྐད་ཡིག་ལ་སྦྱང་བརྩོན་གནང་རོགས།།
སྤྱིར་ང་རང་འཇིག་རྟེན་འདི་ལ་ཡོང་ཐུབ་པ་དང་། དྲིན་ཆེན་གྱི་ཕ་མ་གཉིས་ཀྱི་གཅེས་ཕྲུག་ཡིན་པས། ཚེ་འདི་ལ་བདེ་སྐྱིད་ལྡན་པ་ཞིག་ཡིན། ལྷག་པར་དུ་བོད་གངས་ཅན་གྱི་སོན་རྩ་ངོ་མ་ཞིག་ཡིན་པས་མི་རིགས་རང་ལ་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་ཞིག་ཡོད། བྱས་ཙང་། དེ་ལས་ཀྱང་སྤོབས་པ་དང་སྤྲོ་སྣང་ཆེན་པོ་སྐྱེ་ཡི་འདུག རང་མི་རིགས་ཀྱི་སྐད་ཡིག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པས། ང་ལྟ་བུ་སློབ་ཕྲུག་ཆུང་ཆུང་ཞིག་གིས་བཤད་ཐུབ་པ་ཞིག་དང་བཤད་ཚར་བ་ཞིག་མ་རེད། ཡིན་ཡང་། རང་ཉིད་ཀྱང་བོད་པ་ཞིག་ཡིན་པ་དང་། བོད་པའི་མ་འོངས་པའི་སོན་རྩ་ཞིག་ཡིན་པས། རང་གི་སྐད་ཡིག་འདི་གལ་ཆེན་ཞིག་ཡིན། ང་རང་ཆུང་དུས་ནས་བརྩེ་བའི་ཕ་མ་གཉིས་ཀྱིས་ཡང་ནས་ཡང་དུ་བཤད་པ་དེས་སྐད་ཡིག་ནི་ཧ་ཅང་གི་རིན་ཐང་ཆེ་བ་ཞིག་དང་མེད་དུ་མི་རུང་བ་ཞིག་ཡིན་པའི་བག་ཆགས་སེམས་ལ་བཞག་ཡོད། ཕྱིས་སུ་ང་རང་ག་ལེར་ཆེན་པོ་ཆགས་སྐབས་བཀའ་དྲིན་ཆེ་བའི་དགེ་རྒན་རྣམས་ཀྱིས་ཀྱང་སྐད་ཡིག་གཞན་པ་མི་ཤེས་ཀྱང་བོད་སྐད་ཡིག་ནི་ངེས་པར་དུ་ཤེས་དགོས་པས། རང་ཉིད་ཀྱིས་ཆུང་དུས་ནས་འབད་བརྩོན་གནང་སྟེ་སྦྱང་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་གནང་བར་བརྟེན། ངས་ཀྱང་བོད་ཀྱི་སྐད་ཡིག་ལ་དོ་སྣང་མང་པོ་བྱས་པ་ཡིན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་མཚོན་རྟགས་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་གནམ་འདེགས་ཀྱི་ཀ་བ་ལྟ་བུ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་སྦྱང་དགོས་པ་ཞིག་ཡིན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། བོད་ཡིག་སྦྱོང་རྒྱུ་ནི་རང་གི་མི་རིགས་ཀྱི་འོས་འགན་ཞིག་ཡིན་པས། ཕན་ཐོགས་རུང་མ་ཐོགས་རུང་། ཅི་ནས་ཀྱང་བོད་ཡིག་སྦྱང་དགོས། བོད་རིགས་ས་ཁུལ་དུ་བོད་སྐད་མི་ཤོད་པ་དང་། བོད་ཡིག་མ་བཀོལ་ན། ས་འདི་ནས་བོད་རིགས་ཞེས་པའི་མི་རིགས་དེ་རང་ཤུགས་སུ་རྩ་མེད་འགྲོ་ངེས་ཡིན། ཞེས་གསུངས་པ་ལྟར། ང་ཚོས་ཅི་ནས་ཀྱང་སྦྱང་དགོས།
བོད་ཀྱི་རྒྱལ་པོ་སོ་སུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མི་སམ་བྷོ་ཊས་སྐུ་ངལ་ཚད་མེད་སྐྱོན་ཏེ་ང་ཚོའི་བོད་ཡིག་འདི་གསར་དུ་བཟོས་གནང་བ་རེད། དེར་བརྟེན་ང་ཚོ་ཚང་མས་མི་རིགས་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཡིན་ཡང་། དེང་སང་བོད་ནང་དུ་ཡོད་པའི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྐྱེན་གྱིས་སྐད་ཡིག་སྦྱོང་བའི་གོ་སྐབས་མེད་ཀྱང་རང་མི་རིགས་ཀྱི་སྐད་དང་རིག་གཞུང་གི་ཆེད་དུ་རང་སྲོག་བློས་གཏོང་གིས་སློབ་སྦྱོང་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་པས། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོར་རང་དབང་གི་ཁོར་ཡུག་ཅིག་ཡོད་པས་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་ངེས་པར་དུ་བོད་ཡིག་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ནོ།།
ཉམ་ཆུང་སྐྱབས་བཅོལ་བ་ང་ཚོ།།
ས་ཆ་གང་དུ་སླེབས་རུང་།།
བོད་དང་བོད་ཀྱི་སྐད་ཡིག།
སྦྱོང་རྒྱུ་ནམ་ཡང་མ་བརྗེད།།

ད་བར་དཔྱད་མཆན་མེད།