བསྟན་འཛིན་མཆོག་འཛིན། འཛིན་གྲྭ་བརྒྱད་པ།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།

སྐད་ཡིག་ཟེར་བ་ནི་སྤྱིར་བཏང་རྒྱལ་ཁབ་མཚོན་བྱེད་ཀྱི་ངོ་བོ་ཞིག་ཡིན་པས་རྒྱལ་ཁབ་ཅིག་གི་སྐད་ཡིག་འདི་རྒྱལ་ཁབ་གང་ཞིག་གི་མངའ་འབངས་སུ་གཏོགས་པ་ཡོད་དོ་ཅོག་སྟེ་མི་རྒན་གཞོན་བར་གསུམ་གྱིས་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ། དེའི་ཕྱིར་ང་ཚོ་བོད་པ་ཚང་ལ་ཆ་བཞག་ན་བོད་པ་ཞིག་ཡིན་ཕྱིན་ཆད་བོད་ཀྱི་སྐད་ཡིག་མ་ཤེས་ན་ངོ་ཚ་ཡ་དང་བོད་མི་ཕྱེད་ཀ་ལྟ་བུར་གྱུར་བ་ཞིག་རེད། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ཡང་བོད་མི་མི་རེ་ངོ་རེའི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཡིན། བོད་ཀྱི་ཆབ་དཔལ་རིག་འཛམ་གླིང་འདི་ཡི་ཐོག་ཏུ་གསོན་པོར་གནས་དགོས་ན་དེའི་རྩ་བའམ་གཞི་རྩ་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་བརྟན་པོར་གནས་ཤིང་། བོད་ཀྱི་སྐད་ཡིག་གི་མཚན་སྙན་དགུང་དུ་འདེགས་ཐུབ་པ་བྱ་གལ་ཆེ། སྔར་བོད་པ་ཚང་གི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་དོན་དེ་ལ་དགོངས་ཏེ་བོད་ཀྱི་སྐད་ཡིག་གསར་གཏོད་དང་མི་ཉམས་རྒྱུན་འཛིན་སོགས་གནང་ཡོད།

ད་ཆ་བོད་མི་རིགས་ཀྱི་ལས་དབང་གི་དཀྱོག་མཚམས་འདིར་བོད་ཀྱི་སྐད་ཡིག་ལ་བདག་གཅེས་དང་ཐུགས་སྣང་མེད་ཚེ་མར་མེ་སྣུམ་ཟད་བཞིན་བོད་ཀྱི་ཆོས་རིག་ཀྱང་བརླག་རྒྱུ་ཉག་ཅིག་ཡིན། དེ་འདྲ་སོང་ཙང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་ལ་བཙན་བྱོལ་དུ་ཆིབས་བསྒྱུར་གནང་གྲུབ་མ་ཐག་མ་འོངས་བོད་གསར་འཛུགས་བསྐྲུན་ཆེད་གནའ་དེང་ཟུང་འབྲེལ་གྱི་སློབ་སྦྱོང་བྱེད་སའི་སློབ་གྲྭ་གསར་བཙུག་གནང་ཡོད། དེ་ཡང་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་སྟེ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་བོད་པའི་སློབ་གྲྭ་ཞེས་ཟུར་དུ་འཛུགས་གནང་མཛད་ཡོད། མ་ཟད་༸གོང་ས་མཆོག་གིས་བོད་རིགས་རྣམས་ལ་བཀའ་སློབ་གནང་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་དང་བདག་གཅེས་གནང་གལ་ཆེ་བའི་བཀའ་སློབ་མང་པོ་གནང་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བདག་གཅེས་བྱ་རྒྱུ་ནི་ང་ཚོའི་ལས་འགན་བསམས་ནས་འབད་བརྩོན་གནང་དགོས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ལས་ལྡོག་སྟེ་བོད་ཡིག་ལ་བརྩི་བཀུར་མེད་པ་དང་། བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་ལས་ལྡོག་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏང་རྒྱུར་འགོག་རྐྱེན་བཟོ་མཁན་འདྲ་བོ་བྱས་ན་ཧ་ཅང་གི་ཐབས་སྐྱོ་བོ་ཡིན། ང་ཚོ་རང་དབང་ལུང་པའི་ནང་དུ་ཡོད་ཙང་སོ་སོའི་བོད་ཀྱི་སྐད་ཡིག་འབྲི་ཀློག་དང་བོད་སྐད་བསྲེས་ལྷད་མེད་པར་གཙང་མ་བསྐྱོན་དགོས། ག་དུས་ཡིན་ཡང་བོད་ཀྱི་སྐད་ཡིག་བེད་སྤྱོད་མང་པོ་བྱ་རྒྱུའི་ཁོར་ཡུག་བསྐྲུན་རྒྱུ་དེ་ཡང་ཧ་ཅང་གི་གལ་གནད་ཅན་ཡིན།

ང་ཚོ་གངས་ཅན་ལྗོངས་ཀྱི་བོད་ཕྲུག་རྣམས།།
བག་གཡེང་དལ་ལྷོད་ངང་ལ་མ་བཞུགས་པར།།
བོད་སྐད་གཙོར་བྱས་དེང་དུས་ཤེས་ཡོན་སྦྱོངས།།
ཚིག་འགའ་ཞུས་པས་དོན་སྙིང་ལེགས་པར་སོམས།།

ཞེས་པའི་ཚིགས་བཅད་འདིར་ཞིབ་ལྟ་ཞིག་བྱས་ན་རང་ཉིད་བོད་པ་ཡིན་པའི་ཆ་ནས་ཕན་པ་ལས་གནོད་པ་གང་ཡང་མེད། ད་ལྟ་བོད་ཆོལ་ཁ་གསུམ་བོད་པ་ཡིན་སྙམ་པའི་འདུ་ཤེས་དང་གཅིག་སྒྲིལ་བྱས་ནས་གནས་ཐུབ་པ་དེ་གཙོ་བོ་བོད་རིགས་ཡོངས་ལ་ཁྱབ་ཐུབ་པའི་བོད་ཀྱི་སྐད་ཡིག་རྩ་ཆེན་ཞིག་ཡོད་པ་འདི་ཉིད་ཀྱི་བཀའ་དྲིན་ཡིན་པར་སྙམ། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་རྒྱལ་ཁབ་འདི་སྲ་བརྟན་ཞིག་ཡོང་རྒྱུའི་ཆེད་དུ་བོད་ཀྱི་སྐད་ཡིག་གསར་བཟོ་གནང་ཡོད། ད་ཆ་རྒྱ་མིས་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་མེད་པར་བཟོས་ནས་རྒྱ་ཡིག་ཁོ་ན་སྦྱང་དུ་བཅུག་གི་ཡོད་པ་དེའི་གནད་འགགས་དེ་ཀློག་པ་པོ་ཁྱེད་རྣམ་པས་མཁྱེན་གསལ་རེད།

སྔར་སི་ཏཱ་ལིན་གྱིས་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་མི་གནས་གཙོ་བོ་མི་རིགས་འདིའི་སྐད་ཡིག་ལ་ཐུག་ཡོད་པ་བཤད་ཡོད། བྱས་ཙང་རྒྱ་མིས་ཆེད་མངགས་ཀྱིས་བོད་ཀྱི་སྐད་ཡིག་མི་རིགས་དང་བཅས་པ་རྩ་མེད་བཟོ་བའི་ལས་འགུལ་མང་པོ་སྤེལ་གྱི་ཡོད། ང་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བསམ་བློ་འདི་དག་འཁོར་ཡོང་དུས་རང་བཞིན་གྱི་ཡིད་སེམས་སྐྱོ་གི་འདུག ང་ཚོ་ལོ་ཆེ་རུ་འགྲོ་དུས་ཕ་ཡུལ་དྲན་རྒྱུ་དེ་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་མཉམ་དུ་བོད་ཀྱི་སྐད་ཡིག་འདི་ག་ལེར་ཉམས་རྒུད་དུ་འགྲོ་ས་རེད་བསམ་པའི་སེམས་ཚབས་ཀྱང་རྦ་རླབས་བཞིན་འཕྱུར་གྱི་འདུག་ན་ང་ཚོ་རྒན་གཞོན་བར་གསུམ་ནས་བློ་རྩེ་གཅིག་བསྒྲིམས་ཀྱིས་བོད་ཀྱི་སྐད་ཡིག་འདི་སྲུང་སྐྱོབ་བྱེད་རོགས་ཞེས་ན་ཆུང་བུ་མོ་ངའི་སེམས་ཀྱི་རེ་སྐུལ་ཡིན། ནང་ཆོས་ནི་ཚེ་འདི་དང་ཕྱི་མ་གཉིས་ཀ་ཕན་ཐོགས་ཡོད་པའི་སློབ་ཚན་གལ་ཆེ་ཞིག་ཡིན། དེ་ཡག་པོ་ཤེས་པ་ལའང་བོད་ཀྱི་སྐད་ཡིག་འདི་ངེས་པར་དུ་ཤེས་དགོས་ཀྱི་ཡོད། བྱས་ཙང་བོད་པ་དང་བོད་ཀྱི་སྐད་ཡིག་གི་ལས་དབང་ནི་ལུས་དང་ལུས་ཀྱི་གྲིབ་གཟུགས་བཞིན་ཁ་བྲལ་དུ་མེད་པའི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། ང་ཚོའི་བོད་མི་རྣམས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རེ་གནང་བ་བཞིན་བོད་ཕྲུག་རྣམས་ཀྱིས་སོ་སོའི་སྐད་ཡིག་དང་ཆོས། རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་པས་ཚང་མས་མ་སྐུལ་དང་བླངས་དང་། ལྷག་བསམ་རྣམ་དག་གིས་འབད་བརྩོན་གནང་རོགས་ཞུ། ང་མིའུ་གདུང་དྲུག་ལས་མཆེད་པའིི་བོད་ཕྲུག་ཅིག་ཡིན་ཞིང་བོད་ཀྱི་སྐད་སྲུང་སྐྱོབ་བྱས་པ་ནི་རང་རང་སོ་སོའི་དྲིན་ཆེན་གྱི་མ་ཡུམ་སྲུང་སྐྱོབ་བྱས་པ་དང་གཉིས་སུ་མེད། དེའི་ཕྱིར་ངས་ནམ་ཡང་བོད་ཀྱི་སྐདཡིག་བྲིས་ཤིང་ག་དུས་ཡིན་ཡང་བོད་སྐད་བཤད་ན་འདོད། བོད་ཀྱི་སྐད་ཡིག་རྒྱལ་ལོ།།