བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་དགུ་པ།
ཀ་སྦུག་སཾ་བྷོ་ཊ་གཏན་སློབ།

ང་ཚོ་བོད་མི་ཡོངས་ཀྱི། ། བླ་ན་མེད་པའི་དབུ་ཁྲིད། །

 ༸གོང་ས་༸སྐྱབས་མགོན་ཆེན་པོ། ། ཀུན་གྱིས་དགའ་དད་བྱེད་ས། །

ཁོང་གིས་ཆོས་ལུགས་ཡོངས་ལ། ། མཐུན་སྒྲིལ་བཟང་བའི་ཆེད་དུ། །

འཛམ་གླིང་འགྲོ་བ་ཀུན་ལ། ། བྱམས་དང་བརྩེ་བ་གནང་ཡོད། །

༸རྒྱལ་དབང་མཆོག་གི་ཐུགས་ལ། ། སྐུ་ངལ་ཇི་ཙམ་མང་ཡང། །

ཁོང་གི་ཞལ་རས་ནམ་ཡང། ། འཛུམ་མདངས་འོད་དཀར་འཕྲོ་བ། །

ལྔ་བཅུ་ང་དགུའི་ལོ་ལ། ། ཁོང་དང་བོད་མི་མང་པོ། །

རྒྱ་གར་འཕགས་པའི་ཡུལ་དུ། ། སྐྱབས་བཅོལ་ཞུ་བར་ཕེབས་ཡོད། །

༸གོང་ས་༸སྐྱབས་མགོན་ཆེན་པོས། ། སྲིད་བློན་ནེཧ་རུ་ལྷན་དུ། །

བོད་མིའི་འཚོ་སྡོད་ཆེད་དུ། ། གཞིས་ཆགས་གསར་འཛུགས་གནང་ཡོད། །

 བསྟན་འཛིན་སྒང་གི་ས་ཁུལ། ། དེ་སྐབས་ནགས་ཚལ་འདྲ་བ། །

 ཚང་མས་ཧུར་ཐག་བྱས་ནས། ། གཞིས་ཆགས་སྲ་བརྟན་བཟོས་ཡོད། །

 བསྟན་འཛིན་སྒང་ཞེས་མིང་དེ། ། ༸གོང་ས་མཆོག་གིས་མཚན་དང། །

 མཐོ་སྒང་ས་གཞིར་ཆགས་པས། ། མིང་དེ་བཏགས་པར་མཛད་དོ། །

༸གོང་ས་༸སྐྱབས་མགོན་ཆེན་པོས། ། བོད་པའི་སྐད་ཡིག་རིག་གཞུང་། །

 སྲུང་སྐྱོབ་བྱེད་པའི་ཆེད་དུ། ། བོད་སློབ་མང་པོ་བཙུགས་ཡོད། །

ང་ཚོ་སློབ་ཕྲུག་ཡོངས་ནས། ། སོ་སོའི་སྐད་དང་རིག་གཞུང་། །

གཞན་ཡང་དེང་དུས་ཤེས་ཡོན། ། སྦྱང་བརྩོན་ཡག་པོ་བྱེད་དགོས། །

ཕྱི་རྒྱལ་ཡུལ་མི་མང་པོས། ། བཞུགས་སྒར་དྷ་རམ་ས་ལར། །

༸སྐྱབས་མགོན་ཡིད་བཞིན་ནོར་བུ། ། མཇལ་ཁ་ཞུ་བར་ཕེབས་ནས། །

བོད་ཀྱི་ཐུན་མོང་མིན་པའི། ། རྩ་ཆེའི་རིག་གཞུང་དག་ལ། །

ཕྱི་ཡུལ་དད་ལྡན་རྣམས་ནས། ། དོ་སྣང་ཆེན་པོ་གནང་ཞིང། །

༸གོང་ས་༸སྐྱབས་མགོན་ཆེན་པོའི། ། ཞལ་ལ་གཟིགས་ནས་ཁོང་ཚོས། །

བོད་པའི་སློབ་ཕྲུག་རྣམས་ལ། ། སྦྱིན་བདག་རོགས་རམ་གནང་ཡོད། །

 ལྷ་གཅིག་ཕྱག་ན་པདྨོ། ། ས་ཆ་གང་སར་ཕེབས་ནས། །

 གྲངས་མེད་གདུལ་བྱ་རྣམས་ལ། ། བཟང་སྤྱོད་བསླབ་བྱ་གནང་བ། །

 དེ་སྔ་༸གོང་ས་མཆོག་ལ། ། མཚན་སྨད་ཞུ་མཁན་མང་ཡང། །

 ཁོང་གི་ཐུགས་སེམས་ཞི་ཞིང། ། གཡོ་མེད་བརྟན་པོར་གནས་ཡོད། །

 ཐམས་ཅད་མཁྱེན་པའི་བཀའ་སློབ། ། མ་བརྗེད་སེམས་ལ་བཞག་ནས། །

སྐུ་ཚེ་ཁྲི་ལོར་བརྟན་པའི། ། གསོལ་བ་སྨོན་ལམ་བཏབ་ཡོད། །