བསྟན་འཛིན་དབྱངས་སྒྲོན། འཛིན་གྲྭ་བཅུ་པ།
གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།

མདོ་སྨད་ཨ་མདོ་སྟག་འཚེར་ཡུལ་ཞིག་ན། ། གངས་ཅན་མགོན་གྱི་བདག་པོ་ཁྱེད་རང་འཁྲུངས། །

སངས་རྒྱས་བསྟན་འཛིན་སྐྱེས་བུ་༸གོང་ས་མཆོག ། ཁ་བའི་ལྗོངས་སུ་ཕེབས་པར་བཀའ་དྲིན་ཆེ། །

གངས་ཅན་བོད་མིའི་གདུང་སེལ་ཉི་མ་ཁྱེད། ། སྐུ་ན་ཆུང་དུས་ཆོས་སྲིད་ཐུགས་འགན་བཞེས། །

བོད་མིའི་ལས་དབང་ཆེད་དུ་སྐུ་ལས་བསྐྱོན། ། དཀའ་ཚེགས་ཆེ་ཡང་འཛུམ་མདངས་ཡལ་མ་མྱོང། །

རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ཕེབས། ། བོད་ཕྲུག་ཆེད་དུ་ཤེས་ཡོན་ལྡུམ་རྭ་བསྐྲུན། །

འཐབ་རྩོད་མི་དགོས་དམངས་གཙོ་གསོལ་རས་གནང་། ། འགྲོ་བའི་དོན་གྱི་མཛད་རྗེས་རི་རྒྱལ་བཞིན། །

འཛམ་གླིང་ཡོངས་ཀྱི་ཞི་བའི་སྣེ་ཁྲིད་ཁྱེད། ། གསུང་ཚིག་གཅིག་གིས་ཡིད་ལ་ཞི་བདེ་བསྐྲུན། །

ངུར་སྨྲིག་ན་བཟའ་བཞེས་ཏེ་གཞན་དོན་བསྒྲུབ། ། ཁྱེད་ཀྱི་བྱམས་བརྩེའི་འོད་ཟེར་ས་གཞིར་ཁྱབ། །

ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ལམ་བཟང་སྟོན། ། མི་རིགས་དབྱེ་མེད་ཀུན་ལ་བརྩེ་བ་སྦྱིན། །

ཆོས་དང་ཚན་རིག་བར་གྱི་འབྲེལ་ཟམ་བཙུགས། ། ཉིན་མཚན་ལྟོས་མེད་སྐྱེ་འགྲོའི་འགྲོ་དོན་མཛད། །

འཛམ་གླིང་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས། ། དུས་ལ་མཁོ་བའི་བཀའ་ཆོས་བདུད་རྩི་གནང། །

འཛམ་གླིང་ཞི་བདེར་སྐྱོང་བའི་༸གོང་ས་མཆོག ། བོད་མི་ས་ཡ་དྲུག་གི་རེ་བ་ཡིན། །

ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་རྒྱ་མཚོ་བཞིན། ། བདག་གི་སེམས་ལ་བྱམས་དང་སྙིང་རྗེ་སྦྱིན། །

ཡིད་ལ་་ཡང་ཡང་དྲན་ནས་མཆི་མ་ཟགས།། ཐུགས་རྗེ་བཀའ་དྲིན་ཆེ་ཞུ་༸གོང་ས་མཆོག།།

ཁྱར་ཁྱོར་མུན་ནག་ཁྲོད་དུ་སྒྲོན་མེ་ཁྱེད། ། བརྩེ་བའི་བྱམས་པའི་ལམ་ནི་སྟོན་མཛད་པ། །

 བདག་གི་འཚེ་བ་བྱ་ཡུལ་གཉེན་དུ་བསྒྱུར། ། ཁྱེད་ནི་བཀའ་དྲིན་ཆེ་ཞིང་བརྗེད་མི་ནུས། །

ཁྱེད་ཀྱི་གསུང་རབ་བཀའ་སློབ་བདུད་རྩིར་གྱུར། ། བདག་གི་སེམས་ཀྱི་སྡུག་བསྔལ་ཆ་ཚང་སེལ། །

རང་གཞན་གཅེས་པའི་བདེ་བའི་ལམ་སྟོན་པ། ། ཁྱེད་ལ་དད་པ་སྙིང་གི་དབུས་ནས་སྐྱེས། །

ཁ་བའི་ལྗོངས་ཀྱི་ཞི་བའི་རྒྱལ་མཚན་ཁྱེད། ། དཀའ་སྡུག་དུ་མས་དཀྱིལ་ནས་མ་ཉམས་པར། །

དཀའ་སྤྱད་སྡུག་རུས་མང་པོ་མྱོང་བཞིན་དུ། ། བཟོད་སྒོམ་བྱེད་ཚུལ་གཞན་ལ་སློབ་མཛད་པ། །

བདག་ཅག་མགོན་གྱི་ཆུ་བོའི་རྒྱ་མཚོ་ཁྱེད། ། སྙིང་རྗེའི་ཐུགས་ཀྱིས་ལུས་ཅན་འདྲེན་མཛད་པ། །

སྐྱེ་བ་ཕྱི་མའི་ཚེ་རབས་ཀུན་ཏུ་ཡང་། ། ཁྱེད་ཀྱི་སློབ་མར་རྟག་ཏུ་སྐྱེ་བར་ཤོག །

ཁྱེད་ཀྱི་སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས། ། སངས་རྒྱས་བསྟན་པ་རིན་ཆེན་དར་བ་ཤོག །

ཁྱེད་ནི་བོད་མི་རྣམས་ཀྱི་རེ་བ་ཡིན། ། བཀའ་དྲིན་ཤིན་ཏུ་ཆེ་ཞུ་རིན་པོ་ཆེ། །

བདག་གི་བརྩེ་བའི་སེམས་ཀྱི་གཏེར་མཆོག་ཁྱེད། ། བཀའ་དྲིན་ཆེ་ཤིང་བརྗེད་པར་ནུས་མ་མཆིས། །

རྟག་ཏུ་ཁྱེད་ལ་གསོལ་བ་འདེབས་བཞིན་ཡོད་། ། རྒྱལ་བ་བླ་མ་མཆོག་ལ་ཕྱག་འཚལ་ལོ། །

འདི་ལོའི་གོ་སྟོན་བཀྲ་ཤིས་དུས་བཟང་འདིར། ། ང་ཚོ་ན་ཆུང་བློ་གསར་བོད་ཕྲུག་ཚོས། །

ལག་ཟུང་སྙིང་ཁར་སྦྱར་ཏེ་འཁྲུངས་སྐར་ལ། ། བཀྲ་ཤིས་རྟེན་འབྲེལ་དགའ་སྟོན་འཛུམ་གྱིས་བསུ། །