བསྟན་འཛིན་མེ་ཏོག འཛིན་གྲྭ་བདུན་པ།
གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།

༸རྒྱལ་བ་ཡིད་བཞིན་ནོར་བུ་ཡི་གོ་སྟོན་སྲུང་བརྩི་བྱེད་གོ་དོན་ནི། ༸གོང་ས་མཆོག་ང་ཚོར་བཀའ་དྲིན་ཆེན་པོ་རེད། ཁོང་ནི་ང་ཚོའི་རྩ་བའི་བླ་མ་དང་། བོད་མི་ཡོངས་ཀྱི་དབུ་ཁྲིད། ནང་པ་ཡོངས་ཀྱི་མགོན་སྐྱབས། ཁོང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཞི་བདེའི་ལམ་སྟོན་གནང་མཁན་ཡིན་པའི་ཆ་ནས་ཧ་ཅང་་བཀའ་དྲིན་ཆེན་པོ་རེད། འདི་ལོ་ ༢༠༢༥ ལོར་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་ཀྱི་ཡོད་པས་འཛམ་གླིང་ཡོངས་ཀྱིས་གོ་སྟོན་ལོ་ཞེས་སྲུང་བརྩི་ཟབ་རྒྱས་ཞུས་དང་ཞུ་བཞིན་པ་རེད། འཛམ་གླིང་ཡོངས་ཀྱིས་༸གོང་ས་མཆོག་བྱམས་བརྩེ་དང་སྙིང་རྗེ་སྤེལ་མཁན་ཞིག་ངོས་འཛིན་བྱེད་ཀྱི་ཡོད། ཁོང་དགུང་ལོ་ ༡༦ ལ་བོད་རྒྱལ་ཁབ་ཀྱི་དབུ་འཁྲིད་གནང་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་རེད། ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༣༡ ཉིན་བོད་མི་ཚོ་བཙན་བྱོལ་བ་ཆགས་དུས་༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་ཚོའི་རྒྱ་གར་ནང་སྡོད་སའི་ས་ཆ་དང་། བླ་མ་དཀོན་མཆོག་མཇལ་སའི་དགོན་པ། བོད་ཕྲུག་ཚོ་ལ་སློབ་སྦྱོང་སྦྱོང་སའི་སློབ་གྲྭ། ནད་པ་རྣམས་ལ་སྨན་བཅོས་བྱེད་སའི་སྨན་ཁང་བཅས་བཙུགས་གནང་བ་རེད། དེ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་རང་རེད།

འདི་ལོ་ཟླ་བ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་གོ་སྟོན་གྱི་འཁྲུངས་སྐར་དུས་ཆེན་ཉིན་ང་ཚོ་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱིས་བླ་མ་རྒྱུད་པའི་དགོན་པའི་ནང་གོ་སྟོན་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད། དེའི་ཉིན་བླ་མ་རྒྱུད་པ་དགོན་པའི་རྩམ་པའི་སྤྲི་གོར་ཆེན་པོ་གཅིག་དང་རྒྱ་གར་ལ་མངགས་པའི་སྤྲི་འཁོར་ཆེན་པོ་གཉིས་འདུག། སྤྲི་གོར་དེ་ཚོ་ཧ་ཅང་གི་ཞིམ་པོ་འདུག དེའི་སྐབས་ང་ཚོའི་སློབ་གྲྭའི་སློབ་ཕྲུག་ཁ་ཤས་ནས་གཞས་འཁྲབ་གནང་སོང། ༸གོང་ས་མཆོག་གི་གོ་སྟོན་གྱི་འཁྲུངས་སྐར་ཉིན་མོ་དང་འབྲེལ་བའི་དེ་ཉིན་གྱི་སྐུ་གྲོན་གཙོ་བོར་སྐུ་ངོ་མི་འགྱུར་རྡོ་རྗེ་མཆོག་གེི་བཀའ་སློབ་མང་པོ་གསུངས་གནང་སོང་། ཁོང་གི་དཀའ་སློབ་དེ་ཚོ་ཧ་ཅང་གི་ཡག་པོ་གསུངས་སོང།

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༥ ཉིན་ལ་ང་ཚོ་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱིས་བོད་ཀྱི་ཉིན་མོ་ང་ཚོ་མི་མང་གི་ཚོགས་ཁང་ནང་ཚོགས་པ་རེད། དེ་སྐབས་མི་ཧ་ཅང་མང་པོ་ཕེབས་འདུག དེ་སྐབས་སུ་གྲོང་སྡེ་རེ་རེ་ནས་གཞས་སྣ་འཁྲབ་སྟོན་གནང་དགོས་ཡོད་ཀྱང་གཞས་འཁྲབ་མཁན་མང་པོ་མི་འདུག། ང་ཚོ་གྲོང་སྡེ་ནས་གཞས་འཁྲབ་པ་ཡིན། དེའི་ནང་ང་དང་ངའི་གྲོགས་མོ་ཁག་ཅིག་ཉམས་ཞུགས་བྱས་པ་ཡིན། དེ་ནས་མི་མང་ཆེད་དུ་བོད་ཀྱི་རྩེད་མོ་ཁ་ཤས་གྲ་སྒྲིག་གནང་འདུག། དཔེར་ན། དཔུང་འཐེན་ཐག་པ་དང་། ལྗིད་ཚད་བཀྱག་རྒྱུ་སོགས་མང་པོ་འདུག དེའི་དགོང་དྲོ་གྲོང་སྡེ་སོ་སོས་བོད་པའི་གྱོན་ཆས་གྱོན་ནས་གོམས་འགྲོས་བྱས་སོང། གོམ་འགྲོས་བྱེད་མཁན་རྣམས་ཕྱུ་པ་སྙིང་རྗེ་མོ་གྱོན་འདུག

ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༤ ཉིན་ལ་ང་ཚོའི་སློབ་གྲྭའི་ནང་བོད་ལྗོངས་ང་ཚོའི་ཕ་ཡུལ་ཉིན་མོའི་གོ་སྟོན་འགྲེམས་སྟོན་བྱས་པ་རེད། དེ་སྐབས་སློབ་ཕྲུག་རྣམས་ཀྱི་ཕ་མ་མང་པོ་ཕེབས་སོང་། ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྣམས་༸གོང་ས་མཆོག་གི་ཡུམ་བདེ་སྐྱིད་ཚེ་རིང་མཆོག་བོད་ལ་བཞུགས་དང་། བོད་ནས་རྒྱ་གར་བར་ཕེབས་དུས་སྐུ་ལས་ག་ཚོའི་གནང་ཡོད་པ། རྒྱ་གར་ལ་ཕེབས་ནས་སྐུ་ལས་ག་ཚོད་གནང་བ། ག་དུས་འདས་གྲོངས་ཕྱིན་པ་བཅས་འགྲེལ་བཤད་བརྒྱབ་ཡོད། འཛིན་གྲྭ་དང་པོའི་སློབ་ཕྲུག་རྣམས་ཀྱང་མཉམ་ཞུགས་གནང་ནས་འགྲེལ་བཤད་ཡག་པོ་བརྒྱབ་ཡོད། འཛིན་གྲྭ་ལྔ་པའི་སློབ་མ་རྣམས་བོད་པའི་ཕྱུ་པ་གྱོན་ནས་བོད་ཀྱི་ཁ་ལག་རྩམ་པ་སྤགས་བཟོས་འདུག སྤགས་ནང་ཁོང་ཚོས་བྱེ་མ་ཀ་ར་དང་། ཕྱུ་ར། མར་བཅས་བླུགས་འདུག། ཐུད་ཀྱང་བཟོས་འདུག ཁོང་ཚོས་ང་ཚོ་ལ་ཏོག་ཙམ་ཏོག་ཙམ་སྤྲད་ཀྱི་འདུག།ཁོང་ཚོ་ཡི་སྤགས་ཧ་ལས་པའི་ཞིམ་པོ་བཟོས་འདུག།འཛིན་གྲྭ་དྲུག་པའི་སློབ་མ་རྣམས་ཀྱིས་འབྲོག་པའི་འཚོ་བ་དང་། འབྲོག་པའི་སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་གིས་འཚོ་བ་བསྐྱལ་སྟངས་སྐོར་འགྲེལ་བཤད་བརྒྱབ་ཡོད། ཁོང་ཚོ་ཡིས་འབྲོག་པའི་གུར་དང་ས་ཆ་གང་འདྲ་ཡོད་མེད་ཀྱི་འདྲ་གཟུགས་བཟོས་འདུག་ འགྲེལ་བཤད་བརྒྱབ་མཁན་ནང་འཛིན་གྲྭ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚང་མ་རེད།

ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༩ ཉིན་འཛིན་གྲྭ་བདུན་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚོ་མའེ་རྒྱལ་ས་ལ་ཕྱིན་པ་ཡིན། དེ་ཉིན་ལྷོ་ཕྱོགས་གཞིས་ཆགས་ཁག་གི་བོད་ཀྱི་ཉིན་མོའི་གོ་སྟོན་མཛད་སྒོ་རེད། དེའི་ཉིན་མའེ་སོར་ལ་གོ་སྟོན་མཛད་སྒོ་དང་མཉམ་འགྲེམས་སྟོན་ཡང་བྱས་སོང་། དེ་སྐབས་ང་ཚོར་དགེ་གཤེས་ལྷག་རྡོར་ལགས་ཀྱིས་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད་གནང་སོང། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ནི། དང་པོ། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་། བཟོད་སྒོམ། ཆོག་ཤེས་སོགས་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་མཛད་རྒྱུ། གཉིས་པ། ༸གོང་ས་མཆོག་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་སྤེལ་ཐབས་མཛད་རྒྱུ། གསུམ་པ། ༸གོང་ས་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་མཛད་རྒྱུ། བཞི་པ། ༸གོང་ས་མཆོག་གི་རྒྱ་གར་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུ་བཅས་རེད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་དེ་ངེས་བར་དུ་ཐུགས་ལ་བཞག་ནས་ལག་ལེན་བསྟར་དགོས། ༸གོང་ས་མཆོག་གི་གོ་སྟོན་གལ་ཆེན་པོ་ཡིན་ཏེ། ཁོང་ནི་བོད་མི་དང་། འཛམ་གླིང་མི་མང་གཙོ་བོར་གྱུར་པའི་འགྲོ་བ་རིགས་དྲུག་ཐམས་ཅད་ཆེད་དུ་བྱམས་བརྩེ་ཡི་ས་བོན་འདེབས་མཁན་ཡིན་པའི་ཕྱིར། ཁོང་ནི་དེ་འདྲ་རྩ་ཆེན་པོ་ཞིག་ཡིན་པ་ལ་བརྟེན་ནས་བྱམས་བརྩེའི་ལོ་ཞེས་ཚང་མས་གོ་སྟོན་སྲུང་བརྩི་བྱེད་ཀྱི་ཡོད།