བསྟན་འཛིན་ཆོས་བཟང་། འཛིན་གྲྭ་བརྒྱད་པ།
གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ།
༸གོང་ས་མཆོག་ནི་བོད་པ་དང་འགྲོ་བ་མི་ཐམས་ཅད་ལ་བཀའ་དྲིན་ཆེན་པོ་རེད་། ཁོང་ནི་བོད་པ་ཞིག་དང་ནང་པའི་བླ་མ་རྩ་ཆེན་པོ་ཞིག་རེད་། ༸གོང་ས་མཆོག་ནི་ང་ཚོའི་བོད་པ་ཡི་དབུ་ཁྲིད་རེད། ཁོང་གིས་ནམ་རྒྱུན་དུ་བོད་ཕྲུག་ལ་བོད་ཀྱི་སྐད་ཡིག་ཡག་པོ་སྦྱང་དགོས་གསུངས་ཀྱི་ཡོད་རེད། ཁོང་གིས་འཛམ་གླིང་དང་བོད་ལ་ཞི་བདེ་ཡོང་བའི་ཆེད་དུ་སྐུ་ལས་མང་པོ་བསྐྱོན་ཡོད་རེད། ༸གོང་ས་མཆོག་ཕྱི་ལོ་ ༡༩༣༥ ཕྱི་ཟླ་ ༧ ཚེས་ ༦ ཉིན་སྐུ་འཁྲུངས་པ་རེད་།
ད་ལོ་ཕྱི་ལོ་ ༢༠༢༥ ལོར། ༸གོང་ས་མཆོག་དགུང་ལོ་དགུ་ལ་ཕེབས་པ་རེད་། དེར་བརྟེན་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པའི་གོ་སྟོན་སྲུང་བརྩི་ཞུ་བཞིན་ཡོད་རེད། ༸སྐུའི་གོ་སྟོན་ལོ་འདི་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་ཡི་ཡོད། ང་ཚོས་གོ་སྟོན་གྱི་བྱམས་བརྩེའི་ལོ་འདིར་གཞན་ལ་བྱམས་བརྩེ་དང་སྙིང་རྗེ་བྱེད་དགོས་རེད་། ང་ཚོས་མི་དང་སེམས་ཅན་ཐམས་ཅད་ལ་ཡག་པོོ་བྱེད་དགོས་རེད་། ང་ཚོས་གོ་སྟོན་སྲུང་བརྩི་ཞུ་བ་དང་མཉམ་དུ་གཞན་ལ་བྱམས་བརྩེ་དང་སྙིང་རྗེ་བྱེད་དགོས་རེད། ང་ཚོའི་གཞིས་ཆགས་དང་། སློབ་གྲྭར་༸གོང་ས་མཆོག་གི་གོ་སྟོན་སྲུང་བརྩི་ཞུས་ཡོད་རེད། ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༢༤ ཉིན་བོད་ལྗོངས་ང་ཚོའི་ཕ་ཡུལ་ཉིན་མོར། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ་ལ་མི་མང་དང་དགེ་རྒན་རྣམས་པ་ལ་ང་ཚོས་༸གོང་ས་མཆོག་གི་མཛད་འཕྲིན་སྣ་ཚོགས་འགྲེམས་སྟོན་བྱས་ནས་འགྲེལ་བཤད་བརྒྱབ་པ་ཡིན་། དཔེར་ན། ༸གོང་ས་མཆོག་ཨ་རི་ཡི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ནས་ཞི་བདེའི་འཆར་གཞི་དོན་ཚན་ལྔ་འཛམ་བུ་གླིང་གི་མི་མང་ལ་ཡོངས་ཁྱབས་སུ་གསལ་བསྒྲགས་གནང་བ་སོགས་ཀྱི་སྐོར་ལ་འགྲེམས་སྟོན་བྱས་པ་ཡིན། ང་ཚོ་སློབ་ཕྲུག་ཚོས་འགྲེམས་སྟོན་གྲ་སྒྲིག་ཆེད་དུ་དུས་ཚོད་མང་པོ་བཏང་ཡོད་རེད་། དེའི་སྐབས་སུ་འཛིན་གྲྭ་དང་པོ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚང་མས་མཉམ་ཞུགས་གནང་ཡོད་རེད། འཛིན་གྲྭ་སོ་སོ་ཡིས་བྱེད་སྒོ་མི་འདྲ་བ་རེ་གྲ་སྒྲིག་གནང་ཡོད་རེད། འཛིན་གྲྭ་ཁ་ཤས་ཀྱིས་༸གོང་ས་མཆོག་གི་མཛད་འཕྲིན་དང་། འཛིན་གྲྭ་ཁ་ཤས་ཀྱིས་བོད་ཀྱི་འབྲོག་པའི་སྐོར་འགྲེམས་སྟོན་གྲྭ་སྒྲིག་བྱས་ཡོད་རེད།
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༥ ཉིན་ཧུན་སུར་མི་མང་ཚོགས་ཁང་ལ་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད་རེད། ཉིན་དེར་མི་མང་ཆེད་དུ་བོད་ཀྱི་སྲོལ་རྒྱུན་རྩེད་མོ་དང་། བོད་ཀྱི་ཟས་རིགས་འདྲ་མི་འདྲ་བ་མང་པོ་གྲ་སྒྲིག་གནང་འདུག་ དེའི་ནང་ཨང་ལེན་མཁན་ལ་ཁ་བཏགས་དང་བྱ་དགའ་དངུལ་གནང་སོང་། དགོང་དྲོ་གྲོང་སྡེ་རེ་རེ་ཡི་བུ་གཅིག་དང་བུ་མོ་གཅིག་གི་བོད་ཀྱིས་ཆས་གོས་སྣ་ཚོགས་གྱོས་ནས་གོམ་འགྲོས་བྱས་ཡོད་རེད།
ཕྱི་ཟླ་ ༧ ཚེས་ ༡༩ ཉིན་མའེ་སོར་རྒྱལ་སའི་ཀ་ལ་མན་དིར་ལ་ལྷོ་ཕྱོགས་གཞིས་ཆགས་དང་སློབ་གྲྭ་ཁག་འཛོམས་ནས་གོ་སྟོན་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཡོད། དེ་སྐབས་སུ་རྒྱ་གར་གྱི་མི་མང་དང་། ལྷོ་ཕྱོགས་གཞིས་ཆགས་ཁག་གི་མི་མང་མང་པོ་མཉམ་ཞུགས་གནང་ཡོད། བོད་པའི་མི་མང་མང་པོ་སླེབས་སོང་། གང་ཡིན་ཟེར་ན། གུ་རུ་པུ་ར་སཾ་བྷོ་ཊ་་དང་སི་ཝི་པི་སཾ་བྷོ་ཊ། ཀོ་ལེ་གྷལ་སཾ་བྷོ་ཊ། སྦེལ་ཀོབ་སཾ་བྷོ་ཊ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་བཅས་ཀྱིས་གཞས་སྣ་འཁྲབ་སྟོན་གྲ་སྒྲིག་གནང་ཡོད་རེད་། གོང་གསལ་སློབ་གྲྭ་ལྔའི་སློབ་ཕྲུག་ཚོ་ཞོགས་པ་ཆུ་ཚོད་ ༩ པ་ལ་ཀ་ལ་མན་དིར་ལ་སྤྱི་སྤྱོད་རླངས་འཁོར་བརྒྱུད་འབྱོར་སོང། དེ་བཞིན་སེ་ར་དགོན་པ་དང་། བཀྲ་ཤིས་ལྷུན་པོ་དགོན་པ། རྣམ་གྲོལ་གླིང་དགོན་པ། རྒྱུད་སྨད་གྲྭ་ཚང་། རྫོང་དཀར་ཆོས་སྡེ་སོགས་དགོན་པ་རེ་ནས་འགྲེམས་སྟོན་གྲ་སྒྲིག་ཆེད་དུ་གྲྭ་པ་གཉིས་གསུམ་རེ་ཕེབས་འདུག གོ་སྟོན་གྱི་མཛད་སྒོ་ནི་ཉིན་གསུམ་ཆེད་དུ་བྱས་རེད། ང་ཚོའི་སློབ་གྲྭ་ནས་འཛིན་གྲྭ་བདུན་པ་ནས་བཅུ་པ་བར་གྱི་སློབ་ཕྲུག་ཚོ་ཕྱིན་པ་རེད།
དེ་ཉིན་གྱི་ཞོགས་པ་དགེ་བཤེས་ལྷག་རྡོར་གྱིས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་འགྲེལ་བཤད་གནང་སོང་། དེའི་རྗེས་སློབ་ཕྲུག་དང་མི་མང་གིས་དགེ་བཤེས་ལགས་ལ་དྲི་བ་མང་པོ་དྲིས་སོང་། ཉིན་དགུང་མི་མང་དང་སློབ་ཕྲུག་ཚོས་སྒོར་གཞས་འཁྲབ་སོང་། ཉིན་རྒྱབ་གོང་སློབ་གྲྭ་དེ་ཚོས་གཞས་སྣ་འཁྲབ་སྟོན་གནང་སོང་། མཛད་སྒོའི་མཇུག་ཏུ་སྐུ་འགྲོན་དང་། ལས་བྱེད། སློབ་གྲྭ་ཁག་གི་སློབ་སྤྱི་རྣམས་ལ་གཟེངས་རྟགས་གནང་སོང། དེ་སྐབས་ང་ཚོའི་མཉམ་དུ་དགེ་རྒན་བཞི་དང་སློབ་སྤྱི་ཕེབས་ཡོད་རེད་། དེ་ནི་མཛད་སྒོའི་ཉིན་གཉིས་པ་དེ་རེད་། མཛད་སྒོའི་ཉིན་དང་པོར་ཀོལ་ལེ་གྷལ་སཾ་བྷོ་ཊས་སྐུ་འགྲོན་གཙོ་བོ་ལ་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གནང་བ་རེད་། དེ་ཉིན་ང་ཚོའི་སློབ་གྲྭ་ནས་གཞས་གཉིས་འཁྲབ་སྟོན་གནང་ཡོད་རེད། མཛད་སྒོ་ལ་ཞོགས་པ་དང་ཉིན་དགུང་། དགོང་དག་གསུམ་གྱི་ཞལ་ལག་འདུག། དགེ་བཤེས་ལྷག་རྡོར་གྱི་འགྲེལ་བཤད་གནང་བའི་༸གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་ནི།
དང་པོ། ༸གོང་ས་མཆོག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་དང་། བཟོད་སྒོམ ཆོག་ཤེས་བཅས་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་མཛད་རྒྱུ་དེ་རེད།གཉིས་པ། ༸གོང་ས་མཆོག་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་སྤེལ་ཐབས་མཛད་རྒྱུ་དེ་རེད།གསུམ་པ། ༸གོང་ས་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་མཛད་རྒྱུ་དེ་རེད།བཞི་པ། ༸གོང་ས་མཆོག་གི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུ་བཅས་རེད།

ད་བར་དཔྱད་མཆན་མེད།