བསྟན་འཛིན་དཔལ་འཛོམས་དབང་མདའ་འགང་པ་ཚང་།
འཛིན་གྲྭ་དྲུག་པ། བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ།
སྤྱིར་འཛམ་གླིང་ནང་༸གོང་ས་མཆོག་ལ་དད་པ་དང་ཡིད་ཆེས་བྱེད་མཁན་མི་རིགས་མང་པོ་ཡོད། ཁོང་གི་ཆེད་དུ་དམིགས་བསལ་གྱི་༸སྐུའི་གོ་སྟོན་ལོ་སྲུང་བརྩི་ཞུ་བཞིན་ཡོད། དཔེར་ན། གོ་སྟོན་ཆེད་དུ་དམིགས་བསལ་གྱི་གསལ་བསྒྲགས་སྤེལ་བ་དང་དབུལ་པོ་རྣམས་ལ་བྱམས་སྙིང་རྗེ་དང་རོགས་པ་བྱེད་པ། བོད་ཀྱི་ཆོས་དང་རིགས་གཞུང་ཆེད་རྒྱབ་སྐྱོར་བྱེད་པ་སོགས་མང་པོ་ཞིག་སྲུང་བརྩི་ཞུ་བཞིན་ཡོད། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་དང་། བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་ཐོག་རྒྱབ་སྐྱོར་བྱེད་པ་དང་། བོད་མི་ནང་མི་དབུལ་པོའི་ཕྲུ་གུ་རྣམས་ལ་སློབ་ཡོན་དང་། ནང་མི་རྣམས་ལ་ཟས་གོས་ཆེད་དངུལ་གྱི་རོགས་རམ་སོགས་རྒྱལ་ཁབ་གཞན་གྱི་མི་ཚོས་གནང་གི་ཡོད། ང་ཚོ་ལ་༸གོང་ས་མཆོག་ཡོད་པ་དེ་ང་ཚོ་བོད་མི་ཚོའི་བསོད་ནམས་རེད། ཁོང་གི་བཀའ་དྲིན་དེ་ང་ཚོ་བོད་མི་ཚོས་དྲིན་ལན་མཇལ་ཐུབ་རྒྱུ་ཁག་པོ་རེད། ཡིན་ན་ཡང་། ང་ཚོ་བཀའ་དྲིན་བསམ་ཤེས་ཐོག་ཁོང་གི་གསུངས་པའི་བཀའ་སློབ་རྣམས་ལག་ལེན་འཁེལ་བར་འབད་བརྩོན་བྱེད་དགོས། ཁོང་གི་ད་ལྟ་བར་ང་ཚོའི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་པ་རྣམས་མ་བརྗེད་ཡིད་ལ་བཅངས་ནས་ཡ་རབས་བཟང་སྤྱོད་དང་སོ་སོའི་རྒྱལ་ཁབ་གང་དུ་བསྡད་ཀྱི་ཡོད་ནའང་གནད་དོན་མ་ལྷག་པར་གནས་དགོས། ག་དུས་ཡིན་ན་ཡང་མི་ཡག་པོ་དང་། བཟང་པོ། དྲང་པོ་ཞིག་བྱེད་རྒྱུ་ང་རང་ནས་འབད་བརྩོན་བྱ་རྒྱུ་ཡིན།
ང་ཚོ་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་འདྲ་མིན་ཡོད་པ་དཔེར་ན་ཁོང་གི་སྐུ་ཚེ་ལ་བར་ཆད་མ་ཡོང་བའི་ཞབས་རིམ་གསོག་སྒྲུབ། ལྷག་དཀར་ཉིན་བསངས་གསོལ་གཏོང་རྒྱུ། སྐུ་རླུང་དར་འཛུགས། སྲོག་བླུ་ཚེ་ཐར། དབུལ་པོ་ལ་ཟས་གོས་སྦྱིན་པ་བཅས་མང་པོ་ཡོད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་ནི་དང་པོ་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུ། གཉིས་པ་ནི་ཆོས་ལུགས་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ། གསུམ་པ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ། བཞི་པ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་བཅས་ཡིན་པས་འདི་ལ་གཞི་བཞག་ནས་ལས་ཀ་བྱེད་ཐུབ་པ་ཡིན་ན་ཁོང་གི་བཀའ་རང་བཞིན་གི་སྒྲུབ་ཐུབ་ཀྱི་རེད། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་དེ་ཧ་ཅང་གི་གཏིང་ཟབ་པོ་དང་དོན་གལ་ཆེ་ཞིག་རེད། དེང་སང་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོ་ལ་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མང་པོ་སློབ་ཀྱི་ཡོད་པར་སློབ་ཕྲུག་ཚོ་མ་ཤེས་པ་ཡོད་མ་རེད། ང་ཚོ་སློབ་ཕྲུག་ཚོ་ག་དུས་ཡིན་ན་ཡང་ལོ་ཆུང་ཆུང་ནས་སོ་སོར་རང་ལ་འགན་ཡོད་བསམ་པའི་ཐོག་ནས་ཁོང་གི་གོ་སྟོན་ལ་གང་ཐུབ་ཅི་ཐུབ་བྱེད་དགོས། ང་ཚོ་ཁ་པར་དང་། བརྙན་འཕྲིན། རྩེད་མོ་ལ་མགོ་མ་འཁོར་བར་སོ་སོའི་རྒྱལ་ཁབ་དང་༸གོང་ས་མཆོག་གི་ཆེད་དུ་ལས་ཀ་ག་རེ་ཡིན་ནའང་བྱེད་ཐུབ་པའི་འབད་བརྩོན་བྱེད་དགོས། ང་ཚོ་རྒྱལ་ཁབ་ཀྱི་གནས་སྟངས་དེ་ཉིན་རེ་ཉིན་རེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མཁྱེན་གསལ་རེད། དེ་འདྲ་སོང་ཙང་ང་ཚོ་སློབ་ཕྲུག་སོ་སོའི་འཇོན་ཐང་དང་ནུས་པ་ལ་འཚམ་པའི་རང་ནུས་གང་འཇོན་གྱི་ཐོག་ནས་༸སྐུའི་གོ་སྟོན་གྱི་དུས་ཚོད་བཟང་པོ་དེ་གོ་སྐབས་བཟུང་ནས་ལས་ཀ་ཡག་པོ་བྱེད་དགོས་སོ།།
༸སྐུའི་གོ་སྟོན་ཞེས་པ་ནི་༸གོང་ས་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པའི་འཁྲུངས་སྐར་ལ་ཟེར། ཕྱི་ལོ་ ༢༠༢༥ ཟླ་བ་ ༧ ཚེས་ ༦ ཉིན་ཉི་མ་ཤར་བ་དང་བདག་གི་སེམས་ནང་བླ་ན་མེད་པའི་དགའ་སྤྲོ་ཞིག་སྐྱེ་ཡོང་། དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཁྲུངས་ནས་དགུང་ལོ་དགུ་བཅུ་འཁོར་བའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ཉིན་མོ་རེད། སྟོན་པ་ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཆེན་པོ་དང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ། འཇིག་རྟེན་ཞི་བདེའི་དེད་དཔོན། བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་པའི་དུས་སྟོན་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུ་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་དུས་ཆེན་གལ་ཆེན་ཞིག་ཡིན། ང་རང་ལ་མཚོན་ན་འཁྲུངས་སྐར་འདི་ནི་བསམ་གཞིག་བྱེད་པའི་ཉིན་མོ་གལ་ཆེན་ཞིག་དང་། ང་ཚོའི་རེ་བ་དང་ཡིད་ཆེས་གསར་དུ་གཏོད་པའི་ཉིན་མོ་ཞིག་ཡིན། ཉིན་དེའི་སྔོན་ནས་ང་དང་ངའི་ནང་མི་ཕོ་བྲང་ལ་ཕྱིན་ནས་མཛད་སྒོར་མཉམ་ཞུགས་བྱས་པ་ཡིན། དེ་ཉིན་གྱི་མཛད་སྒོ་དེ་ནི་བོད་མི་ཡོངས་ལ་ཆིག་སྒྲིལ་གྱི་སེམས་ཤུགས་སྤེལ་བ་མ་ཟད། འཛམ་གླིང་གི་མི་མང་པོར་ཞི་བདེ་དང་བྱམས་སྙིང་རྗེའི་བསླབ་བྱ་གནང་མྱོང་བ་ཞིག་ཀྱང་ཡིན། ངས་༸གོང་ས་མཆོག་གི་མཛད་རྗེས་བསམས་ནས་སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་ལམ་ཞིག་རྒྱག་གི་ཡོད། ཉིན་དེ་ཡི་དུས་ཚོད་དེ་དྲན་པས་ང་རང་གི་མི་ཚེ་ལ་བདེ་སྐྱིད་དང་རིན་ཐང་ཆེན་པོ་ཡིན་པ་ཚོར་བྱུང་། ཉིན་མོ་འདི་ང་ལ་མཚོན་ན་བརྗེད་མི་སྲིད་པའི་ཉིན་མོ་ཞིག་རེད། ཉིན་རྗེས་སུ་ཡང་མུ་མཐུད་ནས་༸གོང་ས་མཆོག་གི་བཀའ་སློབ་ལག་ལེན་བསྟར་ནས་བྱམས་སྙིང་རྗེ་དང་། ཞི་བདེའི་ཆེད་དུ་ནུས་པ་གང་ཡོད་བསྒྲུབ་རྒྱུ་ཡིན།
༸གོང་ས་མཆོག་གི་དགའ་སྟོན་འདིའི་ནང་མི་མང་པོར་བཀའ་སློབ་གནང་བ་རེད། ཁོང་གིས་བྱམས་པ་དང་སྙིང་རྗེ་གལ་ཆེན་པོ་ཡིན་པར་གསུངས། འཛམ་གླིང་ལ་ཞི་བདེ་བསྐྲུན་དགོས་པའི་སྐོར་ལ་གསུངས་པ་རེད། ང་ཚོས་ཁོང་གིས་བཀའ་སློབ་ལ་ཉན་པ་དང་། ཁོང་གི་ལམ་བུར་འགྲོ་དགོས། ང་ཚོས་༸གོང་ས་མཆོག་གི་མཛད་པ་དྲན་གསོ་བྱེད་དགོས། ཁོང་གིས་བོད་པ་ཚོར་རོགས་པ་གནང་བ་རེད། ཁོང་གིས་ཆོས་དང་རིག་གཞུང་སྲུང་སྐྱོབ་གནང་བ་རེད། ཁོང་ནི་འཛམ་གླིང་གི་དགེ་རྒན་ཆེན་མོ་ཞིག་རེད། ཁོང་གི་མཛད་པ་དེ་ང་ཚོའི་སེམས་སུ་ནམ་ཡང་བརྗེད་ཐབས་མེད། ང་ཚོས་ཁོང་གིས་གནང་བའི་ལམ་དེ་མུ་མཐུད་ནས་སྲུང་སྐྱོབ་བྱེད་དགོས། ང་ཚོས་ཁོང་ལ་བཀའ་དྲིན་ཆེ་ཞུའོ། ང་ཚོས་ཁོང་གི་འཁྲུངས་སྐར་ལ་དགའ་སྟོན་བྱེད་པ་ནི་བྱམས་སྙིང་རྗེ་དང་། ཞི་བདེ་འཛམ་གླིང་ལ་ཁྱབ་སྤེལ་བྱེད་པའི་ཉིན་མོ་ཞིག་རེད། ང་ཚོས་ཁོང་ལ་བཀའ་དྲིན་ཆེ་ཞུའོ། མ་ཟད་ད་ལོ་ནི་བྱམས་བརྩེའི་ལོ་ཞིག་ཀྱང་རེད། ཁོང་གི་མཛད་པ་དེས་འཛམ་གླིང་ལ་ཕན་ཐོགས་ཆེན་པོ་བྱུང་བ་རེད། འཁྲུངས་སྐར་གྱི་ཉིན་མོ་དེ་ལ་མི་མང་པོ་ཞིག་ཕོ་བྲང་དང་ཚོགས་ཁང་དུ་འཛོམས་ནས་སྨོན་ལམ་བརྒྱབ་པ་རེད། ཁོང་ཚོས་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ལམ་བརྒྱབ་སོང་། ཁོང་གི་ཞལ་རས་ཧ་ཅང་མཛེས་པོ་དང་། ཁོང་གི་གསུང་དབྱངས་དེ་ཧ་ཅང་དྭངས་པོ་ཡོད།
ད་ལྟ་ང་རྩོམ་འདི་འབྲི་དུས་ངས་༸གོང་ས་མཆོག་གི་བཀའ་སློབ་ལ་བསམ་བློ་བཏང་བ་ཡིན། ངས་སོ་སོའི་མི་ཚེའི་ནང་བྱམས་སྙིང་རྗེ་དང་ཞི་བདེ་གནས་དགོས་པ་དྲན་གསོ་བྱུང་། ངས་མ་འོངས་པར་བྱམས་སྙིང་རྗེ་ལག་ལེན་བསྟར་རྒྱུ་ཡིན། ངས་བོད་མི་ཚོ་ལ་རོགས་པ་བྱེད་རྒྱུ་ཡིན། ངས་༸གོང་ས་མཆོག་གི་བཀའ་སློབ་སེམས་ལ་བཅངས་ཏེ་ལག་ལེན་བསྟར་རྒྱུ་ཡིན། ཁོང་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག ཁོང་གི་བོད་པ་ཆེད་དུ་སྐུ་ལས་ཚད་མེད་སྐྱོན་པ་རྣམས་ཡིད་ལ་བཅངས་དགོས། ངའི་ཉིན་ལྟར་ཁོང་སྐུ་ཚེ་རིང་པོ་གནས་པའི་སྨོན་ལམ་རྒྱག་གི་ཡོད། ༸གོང་ས་མཆོག་ཞལ་མཇལ་བ་དེ་ནི་དགའ་སྤྲོ་ཆེན་པོ་ཞིག་རེད། ༸སྐུའི་གོ་སྟོན་ལོ་ལ་ང་ཚོ་ཚང་མས་ནམ་རྒྱུན་ལས་ལྷག་པ་བྱམས་བརྩེ་ལོ་སྲུང་བརྩི་བྱོས་དང་། ས་ཕྱོགས་གང་སར་བོད་མི་ཚོ་ཉམ་ཐག་རྣམས་ལ་ཟས་གོས་དངུལ་སོགས་ཀྱི་སྦྱིན་པ་གཏོང་བ་དང་། སློབ་གྲྭ་ཁག་ནང་བྱམས་བརྩེའི་ལོའི་དམིགས་བསལ་བྱེད་སྒོ་མང་པོ་བརྩམས་ཡོད། ང་ཚོ་ལོ་འདི་ལ་བཟོད་པ་དང་དགེ་བའི་ལས་མང་པོ་བསག་དགོས་པ་མ་ཟད་ང་ཚོས་༸གོང་ས་མཆོག་ལ་སྐྱེས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་སེམས་བཟང་པོ་བྱེད་རྒྱུ་མ་ཟད་མི་ལ་རྫུན་དང་། ཚིག་རྩུབ། གནོད་སེམས། བཅས་སྤོང་བ་སོགས་ལ་དགེ་བའི་ལས་སྔར་ལས་ལྷག་བསྒྲུབ་དགོས། ང་ཚོ་ད་ལྟ་སྐྱིད་པོ་དང་རྫིག་པོའི་ངང་བསྡད་རྒྱུ་ཡོད་པ་འདི་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ཕྲུ་གུ་ཚོ་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་བྱུང་ཡོད། ཁོང་ལ་ང་ཚོས་བཀའ་དྲིན་རྗེས་དྲན་ཆེད་གང་བྱས་པ་ཚང་མ་ཆུང་དྲག་པ་རེད། ཡིན་ན་ཡང་ང་ཚོ་ག་དུས་ཡིན་ནས་བཀའ་དྲིན་རྗེས་དྲན་མུ་མཐུད་བྱེད་དགོས་པ་མ་ཟད། ཁོང་གི་བཀའ་སློབ་རྣམས་མ་བརྗེད་སྙིང་ལ་བཅངས་ནས་ག་དུས་ཡིན་ནའང་དགེ་བའི་ལས་བསྒྲུབ་རྒྱུ་མ་བརྗེད་པ་བྱེད་དགོས།
༸གོང་ས་མཆོག་གི་༸སྐུའི་གོ་སྟོན་ལོ་ལ་ང་རང་སྒེར་གྱི་ངོས་ནས་ཁོང་གི་བཀའ་སློབ་གསུངས་པ་རྣམས་ལག་ལེན་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། མི་ལ་སེམས་པ་བཟང་པོ་བྱེད་པ། སྤྱི་ཚོགས་ནང་དཀྲུག་ཤིང་རྒྱབ་རྒྱུ་རིགས་སྤང་བ། མི་དབུལ་པོ་རྣམས་ལ་རོགས་པ་གང་ཐུབ་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། ང་ཚོ་ཕ་ཡུལ་བོད་ཡིན་པ་དང་། ད་ལྟ་ང་ཚོའི་བོད་རྒྱལ་ཁབ་དེ་དགྲ་རྒྱ་མིའི་ལག་ཏུ་ཡོད་པ་སོང་ཙང་བོད་སྐོར་ལ་ཕྱིའི་མི་རིགས་ལ་གོ་རྟོགས་མང་ཙམ་སྤེལ་ཐུབ་རྒྱུ་འབད་བརྩོན་བྱེད་ཀྱི་ཡིན། ༸གོང་ས་མཆོག་ཕོ་བྲང་པོ་ཏཱ་ལར་གང་མགྱོགས་ཞབས་སོར་ཁོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ང་ཚོ་སོ་སོར་ཕ་མ་དང་སྤོ་བོ་རྨོ་མོ་རྣམས་ཆེན་པོ་རེད། གཟུགས་པོ་ངལ་གསོ་དགོས་རེད་ཟེར་ནས་གང་ཐུབ་ཅི་ཐུབ་ཀྱི་ཞབས་ཕྱི་ཞུ་བཞིན་ཡོད། ད་ལྟ་༸གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་ཡོད་དུས་ང་ཚོ་བོད་མི་ཚོ་འགན་མ་འཁྱེར་ནས་ད་དུང་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་ནས་བསྡད་ན་ལས་རྒྱུ་འབྲས་ལ་འགྲོ་རྒྱུ་མ་རེད། ང་ཚོ་བོད་མི་རེ་རེ་ལ་འགན་ཡོད་པ་སོང་ཙང་ཚང་མས་གང་ཐུབ་ཅི་ཐུབ་བྱེད་དགོས། ༸སྐུའི་གོ་སྟོན་དུས་ཆེན་དེ་གལ་ཆེན་ཡིན་དུས་ང་ཚོས་དམ་བཅའ་བརྟན་པོ་བཟུང་ནས་མི་ཡག་པོ་དང་། བོད་མི་ཡིན་པའི་ཆ་ནས་སྔར་ལས་ལྷག་པ་བྱ་རྒྱུ་དམ་བཅའ་བརྟན་པོ་བཟུང་དགོས།

ད་བར་དཔྱད་མཆན་མེད།