བསྟན་འཛིན་དབྱངས་སྐྱིད། འཛིན་གྲྭ་བརྒྱད་པ།
སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།
འཛམ་གླིང་ཟླུམ་པོ་ས་ཡི་ཡང་ཐོག་ཏུ།།
རབ་དཀར་གངས་རིའི་ཕྲེང་བས་བསྐོར་བའི་དབུས།།
གཟི་བརྗིད་འབུར་དུ་ཐོན་པའི་བསིལ་ལྗོངས་ཀྱིས།།
སྐྱེ་བོ་ཀུན་གྱི་ཡིད་སེམས་དབང་མེད་འཕྲོག །
ཅེས་གསུངས་པ་ལྟར་ཁོ་མོ་བོད་གངས་ཅན་གྱི་ཡུལ་འདི་དངོས་སུ་མཇལ་མྱོང་མེད་ཀྱང་། ཕ་ཡུལ་བོད་ལྗོངས་ཀྱི་མཛེས་སྡུག་ཡིད་ལ་འཁོར་དུས་དགའ་ཞིང་དུང་བའི་འདུ་ཤེས་གསར་པ་ཞིག་གི་ཚོར་བ་ཤུགས་ཆེར་སྐྱེས། གུས་མོས་གསལ་བཤད་ཞུ་རྒྱུར་ང་རང་ཚོའི་ཕ་ཡུལ་བོད་དེ་མ་འོངས་པར་གངའདྲ་ཞིག་ཆགས་ཀྱི་ཡོད་མེད་ང་ལྟ་བུའི་མི་དཀྱུས་མ་ཞིག་གིས་འགྲེལ་བཤད་ཆ་ཚང་ཡང་དག་པ་ཞིག་ཞུ་བའི་སྤོབས་པ་དང་ཤེས་ཚད་གང་ཡང་མེད་མོད། འོན་ཀྱང་རང་ཉིད་ཀྱི་ངོས་ནས་མ་འོངས་པའི་བོད་དེ་ལམ་བཟང་པོའི་སྒོ་ནས་ཞི་བདེ་སྐྲུན་ཐབས་ཀྱི་ལྷག་བསམ། བོད་མི་རིགས་མཉམ་འཛོམས་ཀྱི་བསོད་ནམས་དང་ལས་དབང་གི་རྒྱབ་རྟེན་བཟང་པོ་ཡོད་ན། ང་ཚོའི་ཕ་ཡུལ་བོད་ལྗོངས་འདིར་གཞིས་བྱེས་མཉམ་འཛོམས་ཀྱི་དུས་བཟང་གི་ཉིན་ཞིག་འཆར་རྒྱུའི་ཡིད་ཆེས་དང་རེ་བ་ཡོད་ཅིང་ཏན་ཏན་དེ་ལྟར་ཡོང་བར་ཐེ་ཚོམ་མེད། གལ་ཏེ་ང་ཚོས་དེ་ལྟར་བསྒྲུབས་ཐུབ་པ་ཡིན་ན་༸གོང་ས་༸སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་མཆོག་གི་དགོངས་གཞི་གཅིག་སྒྲུབ་ཐུབ་པ་ལྟ་བུ་ཡིན་པས་ཕྲན་བུ་མོ་ཆུང་ཆུང་ང་དགའ་ཚོར་ཤུགས་ཆེར་འཕེལ།
མ་འོངས་པ་ན། ཕ་ཡུལ་བོད་དུ་གནས་པའི་སྐྱེ་འགྲོ་ཀུན་ཞི་བདེའི་དཔལ་ལ་རོལ་བ་དང་། མི་རྣམས་དགའ་སྤྲོའི་འཚོ་བ་ལ་རོལ་ཞིང་ཕན་ཚུན་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་སྐྲུན་བྱེད་ཀྱི་ལས་འགན་ནི་བོད་མི་མི་རེ་ངོ་རེའི་ལས་འགན་ཆེན་པོ་ཞིག་ཡིན། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གིི་སྲོག་རྩ་བརྟན་པོ་དགོས་པ་ལ་རག་ལས་ཡོད། དེ་འདྲ་སོང་ཙང་ང་ཚོས་ཐབས་ཤེས་ཡོད་རྒུའི་ནུས་པ་བཏོན་ཏེ་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས། གལ་ཏེ་ང་ཚོས་གཟབ་གཟབ་མ་བྱས་པར་སོ་སོའི་སྐད་ཡིག་དང་རིག་གཞུང་རྩ་བརླག་ཏུ་ཕྱིན་ན། ང་ཚོས་ཕ་ཡུལ་བོད་འདི་གཏོར་བརླག་བཏང་བ་ལྟ་བུ་ཡིན་པས་ལོ་རྒྱུས་སྟེང་གི་ནག་ཉེས་ཚབས་ཆེ་བྱས་པ་དང་འདྲ། ང་ཚོའི་མ་འོངས་པའི་ཕ་ཡུལ་བོད་དེར་མདུན་ལམ་བཟང་པོ་ཞིག་ཡོད་པ་བསྐྲུན་དགོས་ན་མི་རིགས་རང་ཉིད་ལ་དམིགས་བསལ་གྱི་སྐད་ཡིག་དང་རིག་གཞུང་། ལུགས་སྲོལ་ཏེ་ཡ་རབས་བཟང་སྤྱོད། དེང་དུས་ཀྱི་ཤེས་ཡོན་བཅས་ཟུང་འབྲེལ་གྱི་ཐོག་ལ་ཤུགས་སྣོན་རྒྱག་དགོས། གཙོ་ཆེར་བོད་ཀྱི་སྐད་ཡིག་དང་རིག་གཞུང་འདི་མ་འོངས་བོད་ཀྱི་རྟེན་གཞི་ཆགས་ཀྱི་ཡོད། རྩ་བའི་ང་ཚོ་ཚང་མ་བོད་མི་རེད། ང་ཚོའི་འཐབ་རྩོད་ནི་བོད་མིའི་བདེ་དོན་གྱི་འཐབ་རྩོད་འབའ་ཞིག་ཡིན། ད་ལྟ་བོད་ནང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་རྒྱ་མིིའི་མེ་མདའི་སོ་ཁའི་འོག་ལ་ཡོད་ཅིང་། སྨྲ་བརྗོད་དང་ཆོས་བྱེད་རང་དབང་མེད་པ་དང་། ཉིན་མོར་ཟས་ཀྱི་བཅུད་དང་མཚན་མོར་ཉལ་བའི་གཉིད་མེད། ཉིན་འཁྱོལ་ཡང་མཚན་མ་འཁྱོལ་བའི་གནས་སྟངས་ཛ་དྲག་གི་འོག་ཏུ་གནས་ཡོད་ཀྱང་ཁོང་ཚོའི་ཡིད་ཀྱི་མེ་ལོང་ངོས་སུ་རྟག་ཏུ་རེ་བ་བྱེད་བཞིན་པ་ནི་༸གོང་ས་མཆོག་བོད་དུ་ཞབས་སོར་འཁོད་ནས་བོད་འབངས་ཡོངས་ལ་ཆོས་ཀྱི་བདུད་རྩིའི་ཆར་འབེབས་པ་དང་ཞི་བདེའི་ཉི་མ་འཆར་ན་སྙམ་པ་དེ་ཡིན།
གོང་དུ་ཞུས་པ་ལྟར་གཞིས་ལུས་བོད་མི་རྣམས་ལ་རང་དབང་སྤུ་ཙམ་ཡང་མེད་ནའང་མི་རིགས་དང་སོ་སོའི་སྐད་ཡིག་ལ་དུང་བའི་ལྷག་བསམ་ནི་འགྲན་ཟླ་བྲལ་བ་ཞིག་ཡིན། གུས་མོ་ངས་ག་དུས་ཡིན་ཡང་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་སོགས་ལ་ཡིད་སྨོན་དང་གུས་བརྩི་ཚད་མེད་ཞུ་བཞིན་ཡོད། ང་ཚོ་ལ་ཆ་མཚོན་ན་རང་དབང་ལུང་པའི་ནང་ལ་གནས་ཡོད་པས་དེང་དུས་ཀྱི་ཤེས་ཡོན་དང་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་ཆོས་དང་རིག་གཞུང་། ཡ་རབས་བཟང་སྤྱོད། བོད་པའི་དྲི་མ་དང་རྣམ་པ་མ་ཡལ་བ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས། དེ་ལྟར་བྱུང་ན་མ་འོངས་བོད་གསར་འཛུགས་སྐྲུན་ཐུབ་ངེས་རེད་སྙམ། གལ་ཏེ་རང་དབང་ལུང་པའི་ནང་ཡོད་མཁན་ཚོས་བོད་པའི་སྐད་ཡིག་དང་ཆོས རིག་གཞུང་། བོད་པའི་གོམས་གཤིས། བོད་པའི་རྣམ་པ་བཅས་ལ་དོ་སྣང་མ་བྱས་པར་ཟ་རྒྱུ་འཐུང་རྒྱུ་སོགས་དཔལ་འབྱོར་གྱི་གནས་སྟངས་འགྲིག་ཙམ་ཡོད་ན་ཆོག་སྙམ་པ་ནི་གནས་སྐབས་རིང་སོ་སོར་དཀའ་ངལ་མེད་པ་ལྟ་བུ་ཡིན་ཡང་ཕུགས་ལ་ཕ་ཚ་བུ་རྒྱུད་དམ་མི་རབས་ཕྱི་མ་རྣམས་ཏན་ཏན་བཟོད་པར་དཀའ་བའི་དཀའ་ངལ་གྱི་ནང་དུ་ལྷུང་རྒྱུ་ཡིན་པར་སྙམ། དེ་འདྲ་སོང་ཙང་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་སོ་སོའི་སྐད་ཡིག་དང་རིག་གཞུང་། མི་ཉམས་རྒྱུན་འཛིན་ཐོག་དེང་དུས་ཀྱི་ཤེས་བྱ་རིག་པའི་གནས་ལ་སློབ་སྦྱོང་ཡང་དག་བྱས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ཏེ་གཞན་ལ་ཕན་མ་ཐོགས་ནའང་གནོད་འཚེ་བྱེད་རྒྱུ་མེད་པ་སོགས་ལག་བསྟར་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན། གཞིས་བཞུགས་བོད་མི་རྣམས་ཀྱི་སྙིང་སྟོབས་དང་ཡིད་ཆེས། མི་རིགས་ཀྱི་ལ་རྒྱ་དང་༸གོང་ས་མཆོག་ལ་དད་པ་དང་ལྷག་བསམ་བརྟན་པོ་ཡོད་པ་དང། དེ་བཞིན་བོད་ཕྱི་ལོགས་ཏེ་རང་དབང་ལུང་པའི་ནང་དུ་ཡོད་པ་རྣམས་ཀྱིས་འཆམ་མཐུན་དང་རྡོག་རྩ་ཆིག་སྒྲིལ་ཐོག་བོད་དོན་འཐབ་རྩོད་དང་༸གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་སྒྲུབ་ཐུབ་པ་བྱ་རྒྱུ་ནི་གལ་ཆེའི་ནང་གི་གལ་ཆེ་ཡིན། དེ་ལྟར་བྱུང་ན་གང་མགྱོགས་བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་ཤར་ཞིང་༸གོང་ས་མཆོག་བོད་ལ་ཆིབས་སྒྱུར་གནང་ཐུབ་པ་དང། བོད་གངས་ཅན་ཡོངས་ལ་ཞི་བདེའི་འོད་སྣང་རྒྱས་པ་བྱུང་གི་རེད་སྙམ། འདི་ནི་ངའི་མ་འོངས་པའི་ཕ་ཡུལ་བོད་ཡིན། བོད་རྒྱལ་ལོ།།

ད་བར་དཔྱད་མཆན་མེད།