ཚེ་བརྟན།      བསམ་སྐྱིད་ཟེར་ན་སུ་རེད་དམ།
འགྱུར་མེད།    མོ་ནི་རྩིས་དཔོན་དེ་རེད། ཁྱེད་ཀྱིས་ངོ་ཤེས་ཀྱི་རེད།
ཚེ་བརྟན།      བྱས་ན། མོའི་གཟུགས་དབྱིབས་གང་འདྲ་ཞིག་ཡོད་དམ། ངས་རྦད་དེ་བརྗེད་འདུག
འགྱུར་མེད།    མོ་ནི་གཟུགས་པོ་རིང་ཐུང་སྙོམ་ལ་ཤ་རྒྱགས་པ་ཡང་མ་ཡིན་སྐམ་པོ་ཡང་མ་ཡིན་པ། གདོང་གི་ཤ་མདོག་སྨུག་པོ་ཡིན་པ་གང་ཞིག་ལ་མིག་གཉིས་ཅུང་སྒོར་བ་དང་། སྣ་རིང་བ། མགོ་ཡི་སྐྲ་སུ་ལུ་ཐོག་གནག་ཅིང་སྣུམ་པ། མཁུར་ཚོས་ཅུང་འབུར་ལ་མ་ལེ་རྩེ་སྙུང་བ་ཞིག་ཡོད་པ་དེ་རེད།
ཚེ་བརྟན།      ཨ་ལས། ད་ངས་དྲན་སོང་། ངའི་ལས་རོགས་རྙིང་པ་བསམ་སྐྱིད་རེད་འདུག མོ་མི་སུ་དང་འགྲོགས་འདྲིས་བྱུང་ན་འདྲིས་ཐག་རིང་བ། གཞུང་བཟང་བ། ཡིད་ཆེས་བློས་འགེལ་ཆོག་པ། ལྷག་པར་དུ་ཕའི་ཤུགས་རྐྱེན་ཐེབས་ཏེ་གཞུང་སེམས་དག་ལ། རྒྱལ་ཞེན་ཆེ་བ། ཕ་མ་དང་རང་ལས་རྒན་པ་དང་མཐོ་བ་རྣམས་ལ་གུས་ཞབས་དང་བརྩི་བཀུར་ཆེ་བའི་ཐོག་ཆོས་སེམས་ཧ་ཅང་ཆེ་བ་ཞིག་ཡོད། རྒྱུན་ལྡན་ཁ་ལག་བཟའ་རྔམ་མེད་ཀྱང་རྩམ་པ་དང་ཤ་ལ་དགའ་པོ་ཡོད། ལྷག་པར་དུ་ཨ་ཤོམ་དང་ཡོས་ཀྱི་རིགས་ལ་ཤིན་ཏུ་དགའ་པོ་ཡོད།
འགྱུར་མེད།    དེ་སྔོན་མོ་ང་ཚོའི་ཁྱིམ་མཚེས་རེད། མོའི་ཨ་མ་ནང་ལས་ཐོག་ལ་འཇོན་ཐང་ཆེན་པོ་དང་། རང་ཉིད་ཀྱི་ཁྱོ་གར་བརྩེ་བ་དང་གུས་ཞབས་ཆེ་བ། ཕྲུ་གུ་ལ་བྱམས་སྐྱོང་ལེགས་པ། སྤྱིར་བཏང་བུད་མེད་ལྟར་ཁ་མང་ཙམ་དང་རླུང་ལངས་པོ་ཡོད་ཀྱང་བསམ་བློ་ཕུགས་རྒྱང་རིང་པོ་གཏོང་མཁན། རྒྱུན་དུ་སྔ་དགོང་ཁ་འདོན་རྒྱུན་མ་ཆད་པར་གནང་མཁན་ཞིག་དང་། གཤིས་ཀ་བཟང་ལ་སྐད་ཆ་ཤོད་སྐབས་འཛུམ་དམུལ་ཏེ་ཤོད་མཁན་ཞིག་ཡོད།
ཚེ་བརྟན།      བྱས་ན། མོའི་པ་ལགས་མི་གང་འདྲ་ཞིག་ཡོད་དམ།
འགྱུར་མེད།    མོའི་པ་ལགས་དགེ་རྒན་སེམས་པ་བཟང་པོ་སློབ་ཕྲུག་ཚོ་ལ་བྱམས་སྐྱོང་ཆེེ་བ་དང་། རྒྱལ་ཞེན་ལྷག་བསམ་འགྱུར་བ་མེད་པར་བརྟན་པོ། སེམས་ཤུགས་ཆེ་བ། སློབ་ཁྲིད་བྱེད་སྟངས་ལ་མཁས་པ་ཞིག་ཡོད།
ཚེ་བརྟན།      མོ་ལ་སྤུན་མཆེད་ག་ཚོད་ཡོད་དམ། གང་འདྲ་ཞིག་ཡོད་དམ།
འགྱུར་མེད།    མོ་ལ་གཅུང་པོ་ཞིག་ལས་མེད་པ་དེ་བསམ་སྐྱིད་ལས་ཏོག་ཙམ་རིང་བ་དང་མོ་ལས་ཕྲན་བུ་སྐམ་པ་དང་། སྣ་ལེབ་པ། མིག་དཀྱུས་རིང་བ། ཤ་མདོག་དཀར་ལ་མཁུར་ཚོས་ཕྲན་བུ་དམར་བ། རྒྱུན་དུ་བསྟན་བཤིག་ཚ་བོ་དང་སྣང་བ་སྐྱིད་པོ་བྱས་ཏེ་སྡོད་མཁན་ཞིག་ཡིན། སྐུ་དྲག་གི་ཕྲུ་གུ་སོང་ཙང་སྐད་ཆ་ཤོད་སྐབས་ཞེ་ས་གཙང་མ་རྒྱག་པ་དང་། རྒྱུན་ལྡན་ནས་གློག་བརྙན་བལྟ་རྒྱུ་དང་། ཆང་འཐུང་རྒྱུ། ཐ་མག་འཐེན་རྒྱུ་བཅས་ལ་ངན་ལངས་ཤོར་བ་ཞིག་ཡོད།
ཚེ་བརྟན།      ཁོ་གཅེས་ལང་ཤོར་བའི་ཕྲུ་གུ་ཞིག་ཡིན་འདུག བྱས་ན་བུ་མོ་དེ་ཕ་མའི་རྒྱུད་ལ་ཁྲིད་པ་འདྲ།
འགྱུར་མེད།    གང་ལྟར་ཡང་། བུ་མོ་དེ་ལ་ཕ་མ་གཉིས་ཀྱི་ཡོན་ཏན་འཛོམས་བཞག།