Skip to main content
ཤེས་རིག་ལས་ཁུངས།

གཏམ་དཔེ་བཅུ་པ།

དབང་ཡོད་ལ་ཇུས་མེད། ཇུས་ཡོད་ལ་དབང་མེད། བྱ་བརྒྱ་ཤར་ལ་འཕུར་དུས། ཕ་ཝང་ནུབ་ལ་འཕུར། བོང་བུ་བསླངས་པའི་དྲིན་མེད། གཞུ་གུ་བཀོག་པའི་ཡ་ལ། དབུ་མཛད་མང་ན་འདོན་པ་འཁྲུག དམག་དཔོན་མང་ན་དམག་བྱུས་ཤོར། བྱ་བྱེད་མང་ན་བྱེའུ་རྐང་ཆགས། འགྲོ་སྡོད་མང་ན་སྡོད་ས་ཤོར།

གཏམ་དཔེ་དགུ་པ།

སྤྲང་ཕྲུག་གསོས་ནི་བུ་རྒྱུད་མི་ཡོང་། སྤྱང་ཀི་གསོས་ནི་སྒོ་ཁྱི་མི་ཡོང་། དཔྱིད་ཐལ་བ་འཚུབ་འཚུབ་མ་འཁྲབ་ན། སྟོན་སྣུམ་ཞག་ཚིལ་ཚིལ་ག་ནས་འོང་། ཕོ་ཁྱོ་གའི་ཁོག་པར་མདའ་ཤོང་མདུང་ཤོང་། ཕ་བཟང་ལ་བུ་བཟང་། མ་བཟང་ལ་རྒྱུད་བཟང་། ཕ་ལས་བུ་རྫིག ཚ་བོ་ལས་ཡང་ཚ་རྫིག

གཏམ་དཔེ་བརྒྱད་པ།

མཐོ་གང་གི་རྙོབ་སར། འདོམ་གང་གིས་མ་བརྙབས། མཐོ་བོའི་བྲག་ལ་འཛེགས་ན། དམའ་པོའི་གཡང་ལ་ལྷུང་། ཐག་རིང་གཏམ་དེ་རྒྱང་ཡང་གོ ཐག་ཉེའི་གཏམ་དེ་ཐོས་པ་དཀོན། ཐིགས་པ་བསགས་པའི་རྒྱ་མཚོ་དང་། བྱེ་མ་བསགས་པའི་ཕ་བོང་། ཐུད་ཞིམ་པོ་མར་གྱི་བཀའ་དྲིན།

གཏམ་དཔེ་བདུན་པ།

སྟེར་བའི་ངོ་ས་མེད། བཙོངས་པའི་རིན་པ་མེད། ལྟོ་དེ་ཁྱིའི་ལྟོ་ལ། ལས་དེ་བོང་བུའི་ལས། གཏམ་དཔེ་མེད་ཤོད་དཀའ། ཇ་ཚྭ་མེད་འཐུང་དཀའ། གཏམ་ལ་མཚོན་ཆ་མེད་ཀྱང་། མི་སྙིང་དུམ་བུར་གཅོད། རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་སྟུན་དགོས། གཏམ་ཤོད་རོགས་ཡོད་ན་སེམས་པ་དགའ།

གཏམ་དཔེ་དྲུག་པ།

འཇུ་ཚོད་ཀྱི་ལྟོ་དང་། ཐེག་ཚོད་ཀྱི་ལས། འཇིག་རྟེན་མི་ལ་ཚེ་རོགས་དགོས། ཚེ་རོགས་མེད་ན་སྟོང་སྟོང་རེད། ལྗོན་ཤིང་གསོ་བར་ལོ་བཅུ་དང་། མི་བཟང་གསོ་བར་ལོ་བརྒྱ། ཇོ་ལགས་སྐུ་ཐང་མཉེས་རོགས། ཤ་ཁྱི་རྐང་པ་ཚ་རོགས། རྗེས་སུ་སྟེར་དགོས་ཟེར་ན་དགའ་མི་དགོས།

གཏམ་དཔེ་ལྔ་པ།

བཅོ་ལྔ་མཆོད་པ་ཞེ་པོ་ཡོད་ན། ཉི་མའི་དགུང་ལ་ཐོན་ཤོག ཅི་གསུང་བཀའ་བཞིན་སྒྲུབ་དགོས་ན། མི་གསུང་དགུ་གསུང་མ་གསུངས་ཤིག གཅིག་འོག་གཅིག་གིས་མ་ནོོན། གཅིག་ཁོག་གཅིག་གིས་མ་ལོན། ཆུང་ཆུང་བློས་ཀྱིས་མི་གཏོང་། ཆེན་པོ་གར་སོང་མ་ཤེས། ཆོས་སྐྱོང་རང་མགོ་མི་ཐོན།