སྟེར་བའི་ངོ་ས་མེད། བཙོངས་པའི་རིན་པ་མེད།
ལྟོ་དེ་ཁྱིའི་ལྟོ་ལ། ལས་དེ་བོང་བུའི་ལས།
གཏམ་དཔེ་མེད་ཤོད་དཀའ། ཇ་ཚྭ་མེད་འཐུང་དཀའ།
གཏམ་ལ་མཚོན་ཆ་མེད་ཀྱང་། མི་སྙིང་དུམ་བུར་གཅོད།
རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་སྟུན་དགོས།
གཏམ་ཤོད་རོགས་ཡོད་ན་སེམས་པ་དགའ། ཟས་ཟ་རོགས་ཡོད་ན་སྣང་བ་སྐྱིད།
ལྟོ་ཆས་དང་ཁ་བདེ་དུས་ཟོ། ཁ་ཆེམས་དྲན་པ་གསལ་དུས་ཞོག
རྟ་རྒན་སྒལ་བཅོས་བྱེད་པ་ངན་ལ་མངོན། ཕག་པ་དོམ་གསོས་རྒྱག་པ་བཟང་ལ་མངོན།
རྟ་མཆོག་གིས་གླེན་པ་རྒྱབ་ཏུ་འཁུར། སྨན་མཛེས་མས་མདོག་ངན་ཁྱོ་བོ་བསྟེན།
གཏམ་ངན་འཁུར་ནས་མི་ཡུལ་སྡོད་པ་ལས། གཏམ་བཟང་འཁུར་ནས་དམྱལ་བར་འགྲོ་བ་དགའ།
རྟ་བརྒྱུགས་ན་བདེ་མོའི་ཐང་ལ་རྒྱུགས། གཏམ་བཤད་ན་འཇིག་རྟེན་གནས་ལུགས་ཤོད།
གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག