སྤྲོ་འཆམ་དུ་འགྲོ་བ། འགྲུལ་བཞུད་བྱེད་པ། གླེང་མོལ་བྱེད་པ། བསམ་བློ་གཏོང་བ།
སྤོ་བོ་ཆོས་སྐྱབས་དགུང་ལོ་དགུ་བཅུར་ཉེ་བས་དྲན་ཤེས་བརྟན་པོ་མེད་པ་ཆགས་ཡོད། ཡིན་ན་ཡང་ཁོང་སྔར་བཞིན་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་རྒྱུ་དང་། འགྲུལ་བཞུད་བྱེད་རྒྱུར་ཧ་ཅང་དགའ་བས། ཁོང་དང་ཁོང་གི་ཆུང་མ་ལོ་ལྟར་ཨ་རི་(America)ལ་སྤྲོ་འཆམ་དུ་འགྲོ་ཡི་ཡོད།
དབྱར་ཁ་ཞིག་ཁོང་གཉིས་ཡུལ་དེར་འབྱོར་རྗེས་གྲོགས་པོ་ཁ་ཤས་ཐུག་ཏུ་ཕྱིན་པ་དང་། གྲོགས་པོ་ཚོར་བུ་མོ་ཆུང་ཆུང་གཉིས་ཡོད། ཉིན་ཞིག་གི་ཉིན་རྒྱབ་དགུང་ཟས་ཚར་རྗེས་སྤོ་བོ་ཆོས་སྐྱབས་དང་བུ་མོ་གཉིས་པོའི་ནང་གི་གཅིག་དང་མཉམ་ལྡུམ་རའི་ནང་གླེང་མོལ་བྱེད་སྐབས། ཁོང་གིས་བུ་མོ་དེར་ “ན་ནིང་ང་དང་ཆུང་མ་ངེད་གཉིས་འདིར་ཡོང་སྐབས་ཁྱེད་དང་ཁྱེད་ཀྱི་སྤུན་མཆེད་གཉིས་པོ་ན་ཡོད་རེད། རེད་པ་” ཅེས་ལབ་པར།
བུ་མོས་ “རེད། ང་གཉིས་ན་ནས་བསྡད་ཡོད། མ་ཟད་ན་ཚ་ཧ་ཅང་ལྕི་པོ་ཡོད་” ཅེས་བཤད། རྒད་པོ་དེས་ཡུད་ཙམ་རིང་ཅི་ཡང་མི་སྨྲ་བར་བསམ་བློ་གཏོང་བཞིན་བསྡད། དེ་རྗེས་གཞི་ནས་ “འོ་རེད། ངས་ད་གཞི་ནས་དྲན་སོང་། ཁྱེད་གཉིས་ཀྱི་ནང་ནས་གཅིག་ཤི་བ་རེད། ག་གི་ཤི་བ་རེད་དམ། ཤི་བ་དེ་ཁྱེད་ཡིན་ནམ། ཡང་ན་ཅིག་ཤོས་དེ་རེད་དམ་” ཞེས་དྲིས།
བུ་མོ་དེས་ “ཤི་བ་དེ་ང་རེད་” ཅེས་ལན་བརྒྱབ། རྒད་པོ་དེས་ “ཨ་ཁ། དེ་འདྲའི་སྐྱོ་བ་ལ་” ཞེས་བཤད་དོ། །